འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་པེ་ཅིང་འགྲིམ་འགྲུལ་སློབ་ཆེན་གྱི་ཁེན་ནི་ཡའི་ཕྱི་སྦྱོང་སློབ་མ་དང་སློབ་གྲོགས་ཀྱི་
འཐུས་མིར་འཕྲིན་ལན་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་25ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་འགྲིམ་འགྲུལ་སློབ་ཆེན་གྱི་ཁེན་ནི་ཡའི་ཕྱི་སྦྱོང་སློབ་མ་དང་སློབ་གྲོགས་ཀྱི་འཐུས་མིར་འཕྲིན་ལན་སྤྲིངས་ནས་ཁོ་ཚོར་མུ་མཐུད་ཀྲུང་ཁེན་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་བྱ་གཞག་ཆེད་རང་ནུས་ཡོད་རྒུ་འདོན་པའི་སྐུལ་ལྕག་གནང་བ་རེད།
   ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཁེན་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེས་ཀྲུང་ཁེན་འཕེལ་རྒྱས་དང་དར་རྒྱས་ཀྱི་ཕུགས་བསམ་མངོན་འགྱུར་ཡོང་རྒྱུ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་དམ་པོར་འབྲེལ་རྒྱུ་རེད། མོང་ནེ་ལྕགས་ལམ་ནི་ཀྲུང་ཁེན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པའི་རྣམ་གྲངས་གཙོ་བོ་དང་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག་རེད། “བདེ་སྐྱིད་ལམ་བུ”དེའི་དབང་གིས་ཀྲུང་གོ་དང་ལས་འབྲེལ་བྱུང་བའི་ཁྱེད་ཚོ་ནི་ཀྲུང་ཁེན་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་ཀྱི་བདེན་དཔང་བྱེད་མཁན་དང་ཕན་པ་ཐོབ་མཁན་ཞིག་ཡིན་ལ། འཛུགས་སྐྲུན་པ་དང་བརྒྱུད་སྤེལ་བ་ཞིག་དེ་བས་ཀྱང་ཡིན་པ་མཐོང་དུས་ང་རང་དགའ་ཚོར་ཆེན་པོ་བྱུང་།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། “རྒྱུད་གཅིག་ལམ་གཅིག”གི་བརྗིད་ཆེའི་ལེའུ་དང་ཀྲུང་ཁེན་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་བརྗིད་ཆེའི་དམིགས་ཚད་དེ་ཁྱེད་ཚོ་ཚུད་པའི་འཇོན་ཐང་ཅན་གྱི་གཞོན་ནུ་དེ་བས་མང་བས་མངོན་འགྱུར་བྱེད་དགོས། སླད་ཕྱིན་ཁྱེད་ཚོས་ཆེད་ལས་ཀྱི་ཤེས་བྱ་ཡག་པོ་སྦྱངས་ཏེ་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཛིན་དང་། རྒྱལ་ཁབ་གཉིས་པོའི་མཉམ་ལས་ནང་ཞུགས་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།
    ཉིན་ཤས་གོང་། པེ་ཅིང་འགྲིམ་འགྲུལ་སློབ་ཆེན་གྱི་ཁེན་ནི་ཡའི་ཕྱི་སྦྱོང་སློབ་མ་དང་སློབ་གྲོགས་ཀྱི་འཐུས་མིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོར་ལྕགས་ལམ་གཉེར་སྐྱོང་དོ་དམ་ཤེས་བྱ་སྦྱོང་བར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། སླད་ཕྱིན་ཁེན་ཀྲུང་གི་མཛའ་མཐུན་སྦྲེལ་ཟམ་ཡག་པོ་ཞིག་བྱས་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དང་མཉམ་ལས་ཟབ་ཏུ་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད་པ་རེད།