འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

ཞི་ཅིན་ཕིང་གིས“རྒྱལ་ཁབ་བཟོ་སྐྲུན་ལག་རྩལ་ཆེ་མོ་བའི་བྱ་དགའ”དཔྱད་འདེམས་དང་གཟེངས་བསྟོད་ཐོག་མར་བྱེད་པའི་སྐབས་སུ་མཛུབ་སྟོན་གལ་ཆེན་གནང་སྐབས་ནན་བཤད་གནང་དོན།

༄༅།།ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་དམངས་ལ་ཕན་བདེ་བསྐྲུན་པའི་ཕུགས་བསམ་བརྟན་དུ་བཏང་སྟེ་ཆུ་ཚད་
མཐོ་བའི་ཚན་རྩལ་རང་ཚུགས་རང་དར་གང་མགྱོགས་མངོན་འགྱུར་ཡོང་བ་དང་སྤུས་ཚད་མཐོ་བའི་
འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་21ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ■ བཟོ་སྐྲུན་ལག་རྩལ་ཆེ་མོ་བ་ནི་བཟོ་སྐྲུན་ཚན་རྩལ་ལ་བརྟེན་ནས་མིའི་རིགས་ལ་ཕན་བདེ་བསྐྲུན་པ་དང་འབྱུང་འགྱུར་གཏོད་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་འཐབ་ཇུས་ཤེས་ལྡན་པའི་སྟོབས་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། ད་ཐེངས་གཟེངས་བསྟོད་ཐོབ་པའི་མི་སྒེར་དང་ཚོགས་པ་ནི་རང་རྒྱལ་གྱི་རྒྱ་ཆེའི་བཟོ་སྐྲུན་ལག་རྩལ་པའི་ཕུལ་བྱུང་འཐུས་མི་དང་རྒྱ་ཆེའི་ལག་རྩལ་ཆེ་མོ་བའི་མིག་དཔེ་ཡིན།
    ■ འབྱུང་འགྱུར་ལ་ཁ་ཕྱོགས་སྐབས་བཟོ་སྐྲུན་ལག་རྩལ་ཤེས་ལྡན་པའི་རང་བརྟེན་གསོ་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་བཟོ་སྐྲུན་ལག་རྩལ་ཆེ་མོ་བའི་སྤྱི་ཚོགས་ཀྱི་གནས་བབ་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། ཁོང་ཚོ་འཇོན་ཐང་ཅན་དུ་འགྱུར་བ་དང་བྱས་རྗེས་འཇོག་པར་ཆ་རྐྱེན་བསྐྲུན་ནས་མིག་ལྟོས་ཡར་འདྲེན་དང་། དཀའ་སྤྱད་འབད་བརྩོན། འགག་སྒྲོལ་དཀའ་སེལ། གསར་གཏོད་སྔོན་ལེན་བཅས་ཀྱི་རྣམ་པ་བཟང་པོ་བཏོད་པ་དང་གཞི་ཁྱོན་ཧ་ཅང་ཆེ་བའི་ཕུལ་བྱུང་བཟོ་སྐྲུན་ལག་རྩལ་ཆེ་མོ་བའི་དཔུང་ཁག་གང་མགྱོགས་འཛུགས་སྐྱོང་བྱེད་དགོས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་བཟོ་སྐྲུན་ལག་རྩལ་པས་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་དམངས་ལ་ཕན་བདེ་བསྐྲུན་པའི་ཕུགས་བསམ་བརྟན་དུ་བཏང་ནས། འགག་རྩའི་ལྟེ་བའི་ལག་རྩལ་ལ་ཚད་བརྒལ་ཕོད་པ་དང་། ལས་གྲྭ་རྩེ་གྲ་བསྐྲུན་པ། འཕེལ་རྒྱས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་པར་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་གང་མགྱོགས་མངོན་འགྱུར་ཡོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་ཡོད།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་19ཉིན་གློག་འཕྲིན་འབྱོར་གསལ། “རྒྱལ་ཁབ་བཟོ་སྐྲུན་ལག་རྩལ་ཆེ་མོ་བའི་བྱ་དགའ”དཔྱད་འདེམས་དང་གཟེངས་བསྟོད་ཐོག་མར་བྱེད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས། གཟེངས་བསྟོད་ཐོབ་པའི“རྒྱལ་ཁབ་ཀྱི་ཕུལ་བྱུང་ལག་རྩལ་ཆེ་མོ་བ”དང“རྒྱལ་ཁབ་ཀྱི་ཕུལ་བྱུང་ལག་རྩལ་ཆེ་མོ་བའི་ཚོགས་པར”སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
    ཞི་ཅིན་ཕིང་གིས་གསུངས་དོན། བཟོ་སྐྲུན་ལག་རྩལ་ཆེ་མོ་བ་ནི་བཟོ་སྐྲུན་ཚན་རྩལ་ལ་བརྟེན་ནས་མིའི་རིགས་ལ་ཕན་བདེ་བསྐྲུན་པ་དང་འབྱུང་འགྱུར་གཏོད་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་འཐབ་ཇུས་ཤེས་ལྡན་པའི་སྟོབས་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། ད་ཐེངས་གཟེངས་བསྟོད་ཐོབ་པའི་མི་སྒེར་དང་ཚོགས་པ་ནི་རང་རྒྱལ་གྱི་རྒྱ་ཆེའི་བཟོ་སྐྲུན་ལག་རྩལ་པའི་ཕུལ་བྱུང་འཐུས་མི་དང་རྒྱ་ཆེའི་ལག་རྩལ་ཆེ་མོ་བའི་མིག་དཔེ་ཡིན།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འབྱུང་འགྱུར་ལ་ཁ་ཕྱོགས་སྐབས་བཟོ་སྐྲུན་ལག་རྩལ་ཤེས་ལྡན་པའི་རང་བརྟེན་གསོ་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་བཟོ་སྐྲུན་ལག་རྩལ་ཆེ་མོ་བའི་སྤྱི་ཚོགས་ཀྱི་གནས་བབ་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། ཁོང་ཚོ་འཇོན་ཐང་ཅན་དུ་འགྱུར་བ་དང་བྱས་རྗེས་འཇོག་པར་ཆ་རྐྱེན་བསྐྲུན་ནས་མིག་ལྟོས་ཡར་འདྲེན་དང་། དཀའ་སྤྱད་འབད་བརྩོན། འགག་སྒྲོལ་དཀའ་སེལ། གསར་གཏོད་སྔོན་ལེན་བཅས་ཀྱི་རྣམ་པ་བཟང་པོ་བཏོད་པ་དང་གཞི་ཁྱོན་ཧ་ཅང་ཆེ་བའི་ཕུལ་བྱུང་བཟོ་སྐྲུན་ལག་རྩལ་ཆེ་མོ་བའི་དཔུང་ཁག་གང་མགྱོགས་འཛུགས་སྐྱོང་བྱེད་དགོས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་བཟོ་སྐྲུན་ལག་རྩལ་པས་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་དམངས་ལ་ཕན་བདེ་བསྐྲུན་པའི་ཕུགས་བསམ་བརྟན་དུ་བཏང་སྟེ། འགག་རྩའི་ལྟེ་བའི་ལག་རྩལ་ལ་ཚད་བརྒལ་ཕོད་པ་དང་། ལས་གྲྭ་རྩེ་གྲ་བསྐྲུན་པ། འཕེལ་རྒྱས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་པར་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་གང་མགྱོགས་མངོན་འགྱུར་ཡོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་ཐུཌ་རེ་གནང་ཡོད།
    ཚེས་19ཉིན“རྒྱལ་ཁབ་བཟོ་སྐྲུན་ལག་རྩལ་ཆེ་མོ་བའི་བྱ་དགའི”གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་་ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཚའེ་ཆི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཤུའེ་ཞང་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་ཀྱང་གནང་བ་རེད།
    ཚའེ་ཆི་ཡིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་མངགས་མཛུབ་སྟོན་གལ་ཆེན་གནང་ནས་གཟེངས་བསྟོད་ཐོབ་པའི་མི་སྒེར་དང་ཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། རྒྱ་ཆེའི་བཟོ་སྐྲུན་ལག་རྩལ་པར་ཐུགས་རེ་ཟབ་མོ་གནང་ཡོད། དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཟོ་སྐྲུན་ལག་རྩལ་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་བཟོ་སྐྲུན་ལག་རྩལ་པར་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད། བཟོ་སྐྲུན་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས།
    ཚའེ་ཆིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྒྱ་ཆེའི་བཟོ་སྐྲུན་ལག་རྩལ་པས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་བྱས་རྗེས་ཧ་ལས་པ་བཏོད་ཡོད། གཟེངས་བསྟོད་ཐོབ་པའི་མི་སྒེར་དང་ཚོགས་པ་ནི་འཐབ་ཕྱོགས་ཁག་གི་བཟོ་སྐྲུན་ལག་རྩལ་པའི་ཕུལ་བྱུང་གི་འཐུས་མི་ཡིན་པས། ཚང་མས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་སྔར་བས་འདོན་སྤེལ་གྱིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་དང་མི་དམངས་ཀྱི་དོན་དུ་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད། རང་རྒྱལ་གྱི་བཟོ་སྐྲུན་ཚན་རྩལ་འཕེལ་རྒྱས་གཏོང་བར་ཐོག་མཐའ་བར་གསུམ་དུ་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། མི་དམངས་ལ་ཕན་བདེ་བསྐྲུན་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། རྒྱལ་ཡོངས་ཀྱི་ལམ་སྲོལ་གསར་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། ཤེས་ལྡན་པའི་ཐོན་ཁུངས་དང་པོའི་ནུས་པ་ཐོག་མཐའ་བར་གསུམ་དུ་འདོན་སྤེལ་བྱ་རྒྱུ་མཐའ་འཁྱོངས། རང་སྟོབས་རང་སྤེལ་དང་རང་བརྟེན་གསར་གཏོད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། སྒོ་དབྱེ་མཉམ་ལས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བཅས་བྱས་ཡོད། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཉིང་བཅུད་འདི་དག་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པ་མ་ཟད། ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།
    ཚའེ་ཆིས་ནན་བཤད་གནང་དོན། རྒྱ་ཆེའི་བཟོ་སྐྲུན་ལག་རྩལ་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གཟེངས་བསྟོད་ཐོབ་པའི་མི་སྒེར་དང་ཚོགས་པ་མིག་དཔེར་འཛིན་པ། ཏང་དང་མི་དམངས་ནམ་ཡང་སྙིང་དབུས་སུ་འཇོག་པ། ནམ་ཡང་ལས་བཀུར་དང་ལེགས་སྐྱེས་འབུལ་རྒྱུ་སེམས་ནང་བརྟན་པོར་ངེས་པ། ནམ་ཡང་རྗེས་སྙེག་ཚད་བརྒལ་ཚད་ཤིང་དུ་འཛིན་པ། ནམ་ཡང་མཐུན་སྒྲིལ་གཞོགས་འདེགས་མཆོག་ནོར་དུ་འཛིན་པ་བཅས་བྱས་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་བཟོ་སྐྲུན་ཚན་རྩལ་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་དགོས།
    ཚའེ་ཆིས་ནན་བཤད་གནང་དོན། སྤྱོད་ཡོན་གཉིས་ལྡན་གྱི་བཟོ་སྐྲུན་ལག་རྩལ་ཆེ་མོ་བ་གསོ་སྐྱོང་བྱ་རྒྱུ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་ཕུགས་ཀྱི་འཕེལ་རྒྱས་ཇུས་ཆེན་ཡིན། ཚན་སློབ་རྒྱལ་དར་གྱི་འཐབ་ཇུས་དང་། ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱས་ནས་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་བཟོ་སྐྲུན་ལག་རྩལ་ཤེས་ལྡན་པའི་ལས་དོན་ཡག་པོ་སྒྲུབ་དགོས། རང་བརྟེན་གསོ་སྐྱོང་མ་ལག་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཟབ་གཏོང་ལ་ཤུགས་སྣོན་རྒྱག་པ། སྒོ་དབྱེ་སྤེལ་རེས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གསར་གཏོད་ཀྱི་ཁོར་ཡུག་བཟང་པོ་སྐྲུན་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བཟོ་སྐྲུན་ལག་རྩལ་པའི་ཧུར་སེམས་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཧ་ཅང་ཆེ་རུ་གཏོང་དགོས།
    བཟོ་སྐྲུན་ལག་རྩལ་ཁྱབ་ཁོངས་ཀྱི་སྔོན་ཐོན་དཔེ་མཚོན་ལ་གཟེངས་བསྟོད་བྱ་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“རྒྱལ་ཁབ་བཟོ་སྐྲུན་ལག་རྩལ་ཆེ་མོ་བའི་བྱ་དགའ”དཔྱད་འདེམས་དང་གཟེངས་བསྟོད་ཐོག་མར་བྱ་རྒྱུའི་གཏན་འབེབས་བྱས་ནས་མི་སྒེར་81ལ“རྒྱལ་ཁབ་ཀྱི་ཕུལ་བྱུང་བཟོ་སྐྲུན་ལག་རྩལ་ཆེ་མོ་བའི”མཚན་སྙན་དང་ཚོགས་པ་50ལ“རྒྱལ་ཁབ་ཀྱི་ཕུལ་བྱུང་བཟོ་སྐྲུན་ལག་རྩལ་ཆེ་མོ་བའི་ཚོགས་པའི”མཚན་སྙན་སྤྲད་པ་རེད།