འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སློབ་གསེང་གི་ངལ་གསོའི་སྐར་མ་བཅུ་ཕྲུ་གུ་ཚོར་བདག་པར་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་03ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཞུས་ཀྲོང་།
    སློབ་ཚན་གྲོལ་བའི་དྲིལ་བརྡ་གྲགས་རྗེས། འཁྲུག་ཆ་དོད་པའི་སློབ་གྲྭའི་ལུས་རྩལ་ཐང་དེ་སྐབས་ཤིག་རིང་ཁུ་སིམ་མེར་གྱུར། སློབ་གསེང་གི་ངལ་གསོའི་སྐར་མ་བཅུའི་རིང་ཕྲུ་གུ་ཚོ་ཕྱིར་སྐྱོད་མི་ཆོག་པ་མ་ཟད་ཐ་ན་གསང་སྤྱོད་དུ་སྐྱོད་པ་ཕུད་སློབ་ཁང་ནས་ཕྱིར་དོན་མི་ཆོག་པ་དེ་མིག་སྔར་སློབ་གྲྭ་ཁག་གཅིག་གི་གཏན་འབེབས་སུ་གྱུར་ཡོད་པ་རེད།
    ཚད་གཞི་དེ་དག་གིས་ཕྲུ་གུ་ཚོའི་སློབ་གསེང་གི་ངལ་གསོའི་སྐར་མ་བཅུའི་བྱེད་སྒོའི་ཁྱབ་ཁོངས་དང་། བྱེད་སྒོའི་རིགས། སྐད་ཤུགས་ཆེ་ཆུང་བཅས་གཏན་འཁེལ་ཞིབ་ཕྲ་བྱས་པ་མ་ཟད། ད་དུང་འཛིན་གྲྭའི་ཀྲུའུ་རེན་གྱི་ལྟ་སྐུལ་འགན་འཁྲི་དེ་འཛིན་གྲྭའི་སྐར་གཅོག་ཆད་གཅོད་དང་འབྲེལ་བའི་གཏན་འཁེལ་བྱས་ཡོད། སློབ་གསེང་དུ་ཕར་རྒྱུགས་ཚུར་རྒྱུགས་བྱས་ཚེ་བདེ་འཇགས་ལས་འཛོལ་ཐོན་སྲིད་པ་དང་། སྒྲིག་ལམ་ལྡན་པའི་སློབ་གསེང་གི་ངལ་གསོ་ལས་སློབ་གྲྭའི་ཤེས་དཔལ་དེ་བས་མངོན་པ་སོགས་རྒྱུ་མཚན་མང་པོ་ཡོད་རུང་། ཕྲུ་གུར་གནད་དོན་ཐོན་དོགས་དང་འགན་འཁྲི་བདའ་འདེད་གཏོང་བར་སྐྲག་ནས་སློབ་གསེང་དུ་སློབ་མ་ཕྱིར་སྐྱོད་པར་ཚོད་འཛིན་བྱེད་པའི“གནད་དོན་མི་ཐོན་པ་དང་བདེ་འཇགས་ལྡན་པའི”བྱེད་ཐབས་དེ་ནི་ས་གནས་ཀྱི་སློབ་གསོ་གཙོ་གཉེར་སྡེ་ཚན་དང་སློབ་གྲྭ་ཁག་གཅིག་གི་སྒྱིད་ལུག་གི་བྱེད་སྟངས་ཤིག་རེད།
    སློབ་གྲྭས་སྒྲིག་ལམ་བཟོ་སྐབས་སློབ་མར་གཅེས་སྐྱོང་དང་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བར་སྣང་ཆེན་བྱེད་དགོས་པ་ལས། ཕྲུ་གུའི་སློབ་གསེང་གི་ངལ་གསོའི་དུས་ཚོད་བློས་གཏོང་བྱེད་པ་མིན་ལ། ཕྲུ་གུ་ཚོ་ལུས་རྩལ་ཐང་དུ་ཕར་རྒྱུགས་ཚུར་རྒྱུགས་དང་ཡུད་ཙམ་ལྷོད་ལྷོད་བྱེད་པའི་དབང་ཆ་དེ་བས་འཕྲོག་མི་རུང་།
    ཕྲུ་གུ་ཚོར་སློབ་གསེང་གི་ངལ་གསོའི་སྐར་མ་བཅུ་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱས་ནས་སློབ་གསེང་ལ་སློབ་ཁང་དུ་བཅུག་པའི་རྣམ་པར་འགྱུར་ལྡོག་གཏོང་བར་འབྲེལ་ཡོད་སྡེ་ཚན་དང་ཁྱིམ་བདག་གིས་ཕན་ཚུན་བསམ་ཤེས་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་དགོས་ཀྱི་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་སློབ་གྲྭའི་བདེ་འཇགས་ལས་འཛོལ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཞིབ་ཕྲ་བཟོ་བ་དང་། སློབ་གྲྭ་དང་དགེ་རྒན་གྱི་འགན་འཁྲི་ཁ་གསལ་བཟོ་དགོས་པ། སློབ་གྲྭ་དང་དགེ་རྒན་གྱིས་སློབ་མར་བདེ་འཇགས་སློབ་གསོ་རྒྱག་པར་ཤུགས་སྣོན་བརྒྱབ་སྟེ་ཕྲུ་གུར་ཕན་ཡོད་ཀྱི་སློབ་གསེང་བྱེད་སྒོ་སྤེལ་བར་མཛུབ་ཁྲིད་བྱས་ནས། འགོག་སྲུང་སྒྲིག་ཆས་མང་དུ་གཏོང་བ་དང་སྐོར་ཞིབ་དགེ་རྒན་མངགས་པ་སོགས་ཀྱི་བདེ་འཇགས་བྱ་ཐབས་སྤྱོད་དགོས་པ། ཁྱིམ་བདག་གིས་སློབ་གྲྭ་དང་དགེ་རྒན་ལ་བསམ་ཤེས་དང་ཡིད་ཆེས་གང་མང་བྱས་ཏེ། གནད་དོན་ཐོན་ཚེ་འབྲེལ་གཏུག་ཧུར་ཐག་བྱས་ནས་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་ལུགས་མཐུན་བྱེད་དགོས།
    སློབ་གསེང་གི་ངལ་གསོའི་སྐར་མ་བཅུ་དེ་ཧ་ཅང་ཐུང་ལ་རྩ་ཆེ་བ་ཞིག་རེད། སློབ་གསེང་གི་ངལ་གསོའི་སྐར་མ་བཅུ་ཕྲུ་གུ་ཚོར་སྤྲད་དེ་ཁོ་ཚོར་ཡང་བརྗེད་པར་དཀའ་བའི་མི་ཚེའི་དྲན་འཆར་འཇོག་དགོས། དགའ་སྤྲོའི་དཔལ་ལ་རོལ་བའི་སློབ་གསེང་གི་ངལ་གསོ་ནི་སློབ་གྲྭའི་ཡིད་དབང་འཕྲོག་པའི་མཛེས་ལྗོངས་ཤིག་རེད་ལ་ཁྱིམ་བདག་ཚོའི་སེམས་ཀྱི་རེ་སྒུག་ཅིག་ཀྱང་དེ་བས་རེད།