འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གངས་ལྗོངས་ས་མཐོར་སླར་ཡང་དཔྱིད་ཀ་ཤར།

—— བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་སྐོར་གྱི་ལྷ་སའི་མཐོང་ཐོས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་31ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་ཧྲང་ཚའེ་དང་ལི་ཅན།
    ཟླ་3ཚེས་28ཉིན། གནའ་གྲོང་ལྷ་སའི་གང་སར་དགའ་སྤྲོ་དང་རྟེན་འབྲེལ་གྱི་རྣམ་པ་ཟབ་མོས་ཁེངས་ཤིང་། རྫོང་རྒྱབ་ཀླུ་ཁང་ནང་དཔྱིད་ཀྱི་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་ནས་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་གནས། བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཀྱི་མང་ཚོགས་ཚོས་དུས་ཆེན་གྱི་གཟབ་མཆོར་སྤྲས་ནས། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་དགའ་སྤྲོའི་རྟེན་འབྲེལ་ཞུས་པ་རེད།
    སྔ་དྲོའི་ཆུ་ཚོད་10པར། རྒྱལ་དར་སྲུང་དམག་རུ་ཁག་གིས་གྲལ་སྟར་འགྲིག་པོས་གོམ་སྟབས་སྤོས་ནས་སྐར་ལྔའི་དར་དམར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་རྒྱལ་དར་སྒྲེང་སར་བསྐྱལ། སྐད་གསང་མཐོན་པོའི་རྒྱལ་གླུའི་སྒྲའི་ཁྲོད་དུ་ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་2000ལྷག་ཙམ་གྱིས་རྒྱལ་དར་དལ་བུར་སྒྲེང་བའི་རྣམ་པར་བལྟས།
    “ང་ཚོའི་མི་སེར་ཚོ་ལྟོ་གོས་ལ་སེམས་ཁྲལ་མེད་པ་མ་ཟད། ད་དུང་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་བ་དང་རྒྱུན་ལྡན་ཕྱིར་སྐྱོད་སྐབས་ཀྱང་ཧ་ཅང་སྟབས་བདེ་ཡོད”ལྷ་སའི་ཁྲོམ་གཟིགས་སྒང་སྡེ་ཁུལ་གྱི་གྲོང་མི་དཀར་གསལ་ལོ་60ལ་སླེབས་རུང་ལོ་ལྟར་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་རྒྱལ་དར་སྒྲེང་བའི་མཛད་སྒོར་སྔར་བཞིན་ཞུགས་ཀྱི་ཡོད།
     1959ལོའི་ཟླ་3ཚེས་28ཉིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོ་རྒྱུ་ལྟེ་བར་བྱས་པའི་དམངས་གཙོའི་བཅོས་སྒྱུར་དེ་བོད་དུ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པས། གངས་ལྗོངས་ས་མཐོར་ལམ་ལུགས་རྙིང་པའི་ལོ་རྒྱུས་མཇུག་འགྲིལ་ཏེ་ལོ་རྒྱུས་ཀྱི་སྲིད་ལོ་གསར་པར་སླེབས་ཡོད། 2009ལོའི་ཟླ་1ཚེས་19ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ལོ་ལྟར་གྱི་ཟླ་3ཚེས་28ཉིན་དེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་བརྩི་རྒྱུའི་གཏན་འབེབས་བྱས་པ་རེད།
    གཞུང་ཕྱོགས་ཀྱི་གྲངས་གཞི་ལས་མངོན་པར། 2022ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2132.64ལས་བརྒལ་བ་དང་། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.67ཟིན་ནས་དཔལ་འབྱོར་ལོར་ཆ་སྙོམས་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། གཞན་ཡང་བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.19བར་རིང་དུ་ཕྱིན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་བཙུགས་པས། ཞིང་འབྲོག་པའི་འཚོ་བའི་སྤུས་ཚད་ཉིན་བཞིན་ལེགས་སུ་ཕྱིན་ཡོད་པ་རེད།
     ཆུ་ཚོད་11ཙམ་ལ། ལྷ་ས་གྲོང་ཁྱེར་གྱི་འཐུས་མི་120དེ་གར་འཛོམས་ཏེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། འཕེལ་རྒྱས་དང་། འགྱུར་ལྡོག མྱོང་ཚོར་བཅས་ཀྱི་སྐོར་ལྷུག་པོར་གླེང་བ་རེད།
   “རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་རྗེས་ང་རང་འཁྲབ་སྟོན་ལ་ལྟ་བར་ཡོང་བ་ཡིན། དེ་གའི་གླུ་གར་ཧ་ཅང་ལྟད་མོ་ཆེན་པོ་འདུག”གྲོང་མི་བཀྲ་ཤིས་ནོར་བུས་བོད་ཆས་གསར་རྐྱང་ཞིག་གྱོན་པས་དུས་རྒྱུན་དང་མི་འདྲ་བར་ཧ་ཅང་ཉམས་དོད་པོ་ཞིག་འདུག “ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་གནང་སྟེ་ཞིང་བྲན་ཡར་ལངས་བྱུང་ནས་བཅིངས་འགྲོལ་ཐོབ་མེད་ཚེ། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོང་མི་སྲིད”ཅེས་བཤད།
    དེ་དང་ཆབས་ཅིག བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུའང་གྲོང་མི་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མ། ཡུལ་སྐོར་བ་བཅས་མི་ཉུང་བ་ཞིག་སླེབས་ཡོད། ས་བཟུང་སྨི་ངོས་གྲུ་2700ཟིན་པའི་འགྲེམས་ཁང་ནང་བོད་རྙིང་པའི་ཁྲལ་ངན་སྣ་ཚོགས་མཚོན་པའི་འཇིམ་བརྐོས་བསྒྲིགས་ཡོད་པ་མ་ཟད། བོད་རྙིང་པའི་ཞིང་བྲན་ལ་བཙོན་འཇུག་མནར་གཅོད་བཏང་བའི་རྣམ་པ་ཡང་སླར་ཡང་མངོན་པར་བྱས་ཡོད།
    “ཡ་ང་སྙིང་རྗེ་མེད་ལ་གདུག་རྩུབ་ཆེ་བའི་ལོ་རྒྱུས་དེ་མཇུག་འགྲིལ་རུང་ང་ཚོས་དུས་ནམ་ཡང་བློ་ལ་བརྟན་པོར་ངེས་དགོས། བོད་གསར་རྙིང་བརྒྱུད་མྱོང་བའི་ང་ལ་འདས་ཟིན་པའི་ལོ་རྒྱུས་དེ་དག་མི་སྔར་བས་མང་བས་ཤེས་སུ་འཇུག་རྒྱུའི་འགན་འཁྲི་ཡོད”འདི་ལོ་ལོ་80ཙམ་ལ་སླེབས་པའི་ཕུར་བུ་རིག་འཛིན་ནི་དེ་སྔ་ཞིང་བྲན་ཞིག་ཡིན་ཞིང་། ད་ཆ་རྒན་ཡོལ་ཞུས་རྗེས་ཁོང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་འོས་འགན་འཆད་འགྲེལ་པ་ཞིག་རང་མོས་ངང་བྱས་ནས། ལྟ་སྐོར་བ་ཚོར་བོད་རྙིང་པའི་མུན་ནག་གི་ལོ་རྒྱུས་རྣམས་ཤོད་ཀྱི་ཡོད།
    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ལྟེ་བའི་སློབ་ཆུང་གི་སློབ་མ་40ལྷག་ཙམ་གྱིས་འཆད་འགྲེལ་པའི་སྣེ་ཁྲིད་འོག འགྲེལ་བཤད་ཉན་གྱིན་ཟིན་བྲིས་ཞིབ་ཚགས་རྒྱག་གི་ཡོད། “ད་ཐེངས་ལྟ་སྐོར་སློབ་སྦྱོང་བྱས་ནས་ངས་བོད་རྙིང་པའི་དཀའ་སྡུག་དང་བོད་གསར་པའི་བདེ་སྐྱིད་དེ་བས་ཚོར་ཐུབ་བྱུང་། ངས་སློབ་སྦྱོང་ཧུར་ཐག་བྱས་ཏེ་ཤེས་ལྡན་མི་སྣ་ཞིག་ཏུ་འགྱུར་བ་བྱེད་པ་དང་ཆེན་པོ་ཆགས་རྗེས་མེས་རྒྱལ་གྱི་དྲིན་ལན་འཇལ་རྒྱུ་ཡིན”ཞེས་ལོ་རིམ་བཞི་པའི་འཛིན་གྲྭ་གསུམ་པའི་སློབ་མ་པད་མ་མཆོག་སྐྱིད་ཀྱིས་བཤད།