འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ལྗོངས་ཀྱིས་ནུས་རྒྱུ་གསར་པ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དམངས་འཚོའི་གློག་སྤྱོད་
འགན་ལེན་བྱེད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་29ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་23ཉིན་གློག་འཕྲིན་འབྱོར་གསལ། མཚོ་བོད་ས་མཐོར་དཔྱིད་དུས་སུ་ཡང་སྔར་བཞིན་གྲང་རླུང་ལྡང་བཞིན་མཆིས། ས་བབ་མཐོ་ཚད་སྨི་5000ཟིན་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་དུ་གནམ་གཤིས་ཧ་ཅང་གྲང་། ཞོགས་པའི་ཉི་གཞོན་ཤར་ཕྱོགས་རི་བོའི་རྩེ་ནས་ཤར་ཏེ་ཡངས་པའི་རྩྭ་ཐང་དུ་རིམ་གྱིས་འཕྲོས། ལོ་26ལ་སླེབས་པའི་སྐལ་བཟང་དབང་ལགས་ཀྱིས་ལས་རོགས་བཞི་དང་མཉམ་དུ་ཉིན་གཅིག་གི་ལས་ལ་བྲེལ་འགོ་ཚུགས།
   “རླུང་ཤུགས་གློག་ཁང་གི་བདེ་འཇགས་ཐོན་སྐྱེད་དང་འཁོར་སྐྱོད་བརྟན་པོ་ཡོང་བ་ནི་གློག་གཏོང་ཚད་འགན་ལེན་བྱེད་པའི་འགག་རྩའི་རྒྱུ་རྐྱེན་ཞིག་རེད། ས་བབ་མཐོ་པོ་དེ་འདྲར་ཞོགས་པ་རླུང་བུ་བལྟོས་བཅས་ཀྱིས་ཆུང་ཙམ་ཡོད། ང་ཚོས་སྐབས་དེ་དང་བསྟུན་ནས་རླུང་ཤུགས་གློག་གཏོང་འཕྲུལ་ཙུའུ་བདག་སྐྱོང་བྱས་ནས་གློག་རྒྱུན་གཏན་བཞིན་གཏོང་ཐུབ་པའི་འགན་ལེན་བྱེད་དགོས”ཞེས་བཤད། སྐལ་བཟང་དབང་ལགས་གློག་ཤུགས་ཆེད་ལས་ཀྱི་དངོས་གཞིའི་ཚན་ཁག་ནས་ཐོན་རྗེས་འབྲི་ཆུའི་འགག་གསུམ་ཚོགས་པའི་བོད་ལྗོངས་ནུས་རྒྱུ་མ་འཇོག་ཚད་ཡོད་ཀུང་སིར་ལས་ཞུགས་བྱས་པ་དང་། ད་བར་བོད་ལྗོངས་མཚོ་སྨད་གྲི་གུ་གློག་ཁང་དུ་ལས་ཀ་བྱས་ནས་བགྲང་བྱ་གསུམ་ཙམ་འགྲོ་གི་ཡོད།
    བོད་ལྗོངས་མཚོ་སྨད་གྲི་གུ་རླུང་གློག་རྣམ་གྲངས་ནི་བོད་ཀྱི་གློག་དྲ་གཙོ་བོར་མཉམ་འདྲེས་ཐུབ་པའི་རླུང་གློག་རྣམ་གྲངས་དང་པོ་དེ་ཡིན་པ་དང་། སྤྱིའི་གློག་འདོན་ཚད་ཀྲའོ་ཝ་22ཟིན་ཞིང་། རླུང་གློག་འཕྲུལ་འཁོར་ས་བབ་མཐོ་ཚད་སྨི་5000ནས་སྨི་5200བར་དུ་བསྐྲུན་ཡོད། རྣམ་གྲངས་དེ་ནས་2021ལོའི་ལོ་མཇུག་ཏུ་ཕྱོགས་ཡོངས་ནས་གློག་གཏོང་འགོ་ཚུགས་པ་དང་། 2023ལོའི་ཟླ་3པའི་བར་རིམ་རྩིས་བྱས་ན་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་1ལས་བརྒལ་བ་དེ་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་8.32བཙོག་འབུད་ཉུང་གཏོང་དང་ཚད་ལྡན་རྡོ་སོལ་ཏུན་ཁྲི་3.05གྲོན་ཆུང་བྱས་པ་དང་མཚུངས་ཀྱི་ཡོད། དེས་བོད་ཀྱི་དགུན་དུས་གློག་དཀོན་པའི་གནས་ཚུལ་ཞི་ལྷོད་ནུས་ལྡན་ཐུབ་ཡོད།
    སྐལ་བཟང་དབང་ལགས་ཀྱིས་བདེ་འཇགས་ཞྭ་མོ་གྱོན་ནས་རླུང་འཁོར་ལ་ལྟ་བཞིན་དུ“འདི་གར་མི་རབས་ནས་མི་རབས་བར་རུས་ཟུག་རྒྱག་པའི་གྲང་རླུང་ལྡང་གི་ཡོད། ད་ཆ་རླུང་ཤུགས་ལ་བརྟེན་ནས་མི་རྣམས་ཀྱི་ཉིན་རེའི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་འགན་ལེན་ཐུབ་ནས། རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ཕན་འབྲས་སུ་བསྒྱུར་ཐུབ་ཡོང་པ་གཏན་ནས་བསམ་མྱོང་མེད། རྣམ་གྲངས་འཛུགས་སྐྲུན་དང་ཐོན་སྐྱེད་གཉེར་སྐྱོང་ལ་ཞུགས་ཐུབ་པ་མ་ཟད། མིག་མཐོང་ལག་ཟིན་ཡང་བྱུང་བས་སྤོབས་པ་ཆེན་པོ་སྐྱེ་གི་འདུག”ཅེས་བཤད།
   བོད་ལྗོངས་ཀྱིས་གངས་ལྗོངས་ས་མཐོའི་ཆུ་རླུང་འོད་གསུམ་གྱི་ཐོན་ཁུངས་ཀྱི་ལེགས་ཆར་དམ་པོར་དམིགས་པས། གློག་ཁུངས་དང་གློག་དྲ་འཛུགས་སྐྲུན་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་ཏེ། དགུན་དཔྱིད་གཉིས་ཀྱི་གློག་དཀོན་པའི་སྣང་ཚུལ་ཞི་ལྷོད་ཤུགས་ཆེན་ཕྱིན་ཡོད། བོད་ལྗོངས་ཀྱི་ས་བབ་མཐོ་བའི་ཐག་རིང་ལུང་ཁུག་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་དེ་བས་མང་བར་ཉེ་བའི་ལོ་ཤས་རིང་གློག་བརྟན་པོ་སྤྱོད་རྒྱུ་བྱུང་བ་མ་ཟད། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གློག་སྤྱོད་དགོས་མཁོ་སྐོང་ཤུགས་ཆེ་རུ་ཕྱིན་ཡོད། 2022ལོའི་ལོ་མཇུག་བར་བོད་ཀྱིས་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་1757ཟིན་པ་དང་། ལོ་ཧྲིལ་པོར་གློག་དྲའི་སྦྲེལ་མཐུད་གློག་ཁང་ནས་གློག་གཏོང་ཚད་དུས་མཚུངས་ལས་30.4%འཕར་ཡོད།
    ས་བབ་མཐོ་ཚད་སྨི་4500ཙམ་ཡོད་པའི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དགའ་ལྡན་ཁང་གསར་གྲོང་ཚོར་རྒྱ་ཁྱོན་མུའུ་2200ཡི་སར་གྲལ་སྟར་འགྲིག་པའི་ཉི་ནུས་འོད་ཤུགས་ལྷུ་ལག་25000སྒྲིག་ཡོད་པ་དེ་དག་དགུང་སྔོན་སྤྲིན་དཀར་འོད་མདངས་འོག་དེ་བས་བཀྲག་མདངས་འཚེར་བ་ཞིག་ཡོད།
   དེ་ནི་མིག་སྔར་བོད་ལྗོངས་ཀྱི་འོད་ཤུགས་གློག་གཏོང་གློག་ཤུགས་མཁོ་འདོན་འགན་ལེན་རྣམ་གྲངས་ཆེ་ཤོས་ཏེ། བོད་ལྗོངས་ཧྭ་གློག་ནག་ཆུ་གསེར་རྙེད་ཆུས་ཀྱི་ཆན་ཝ་ཁྲི་12ཀྱི་འོད་ཤུགས་གློག་གཏོང་གི་གློག་ཤུགས་མཁོ་འདོན་འགན་ལེན་རྣམ་གྲངས་ཡིན་ཞིང་། དེའི་འཛུགས་སྐྲུན་རྒྱ་ཁྱོན“ཆན་ཝ་ཁྲི་12ཀྱི་འོད་ཤུགས+ཆན་ཝ་ཆུ་ཚོད་ཁྲི་12ཀྱི་གསོག་ནུས”ཟིན་པ་དང་། ལོ་རེའི་ཆ་སྙོམས་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་2.47ཟིན་གྱི་ཡོད་པ་རེད།
   རྣམ་གྲངས་དེ་ནས་2022ལོའི་ཟླ་12པའི་ཟླ་མཇུག་ཏུ་གློག་གཏོང་འགོ་ཚུགས་པ་དང་། བོད་ལྗོངས་གློག་དྲ་དང་སྦྲེལ་མཐུད་བྱས་པས། ནག་ཆུའི་གློག་དཀོན་པའི་ཞན་ཆ་བསལ་བ་མ་ཟད། 2023ལོའི་ཟླ་1པོར་དྲོད་ཚད་ཧ་ཅང་དམའ་བའི་དུས་སུ་ཡང་བོད་དབུས་གློག་དྲ་སྦྲེལ་མཐུད་ཀྱི་སྐུད་ལམ་ནས་གློག་བཏང་བ་བརྒྱུད་ས་གནས་དེ་གའི་ཞིང་འབྲོག་པའི་གློག་སྤྱོད་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད་པ་རེད།
    དམངས་འཚོར་གློག་སྤྱོད་རྒྱུ་འགན་ལེན་དང་ལེགས་སུ་ཕྱིན་པ་དེ་ནི་བོད་ལྗོངས་ཀྱིས“འོད་ཤུགས་དང་གསོག་ནུས”ཟུང་དུ་འབྲེལ་བའི་ནུས་རྒྱུ་མཁོ་འདོན་འགན་ལེན་བྱེད་སྟངས་ལག་ལེན་ཤུགས་ཆེན་བསྟར་བ་ལས་བྱུང་བ་ཞིག་རེད། 2022ལོའི་ཟླ་6པར། བོད་རང་སྐྱོང་ལྗོངས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་གློག་ཤུགས་མཁོ་སྤྲོད་འགན་ལེན་གྱི་ཇུས་གཞི་བཀྲམ་ནས། གསོག་འབོར་འོད་ཤུགས་གློག་ཁང་སྒྱུར་བཀོད་རིམ་སྤོར་གྱི་གསོག་ནུས་ཀྱི་སྒྲིག་ཆས་སྣོན་པའི་བྱེད་སྟངས་སྤྱད་པ་བརྒྱུད། དགུན་དུས་ཀྱི་སྔ་དགོང་གློག་སྤྱོད་མང་ཤོས་ཀྱི་དུས་མཚམས་ཀྱི་གློག་སྤྱོད་འགན་ལེན་བྱེད་ཚད་ཆེ་རུ་ཕྱིན་པ་མ་ཟད། གཞི་ཁྱོན་ངེས་ཅན་ལྡན་པའི“འོད་ཤུགས་དང་གསོག་ནུས”ཟུང་དུ་འབྲེལ་བའི་ནུས་རྒྱུ་མཁོ་སྤྲོད་འགན་ལེན་རྣམ་གྲངས་གསར་པ་བསྐྲུན་ནས་དགོས་མཁོ་སྐོང་ཐུབ་པར་བྱས་ཏེ་གངས་ལྗོངས་ས་མཐོའི“འོད་ཤུགས་དང་གསོག་ནུས”ཟུང་དུ་འབྲེལ་བའི་ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་རྣམ་པ་གསར་པ་བཏོད་ཡོད་པ་རེད།
    དེ་དང་ཆབས་ཅིག་བོད་ལྗོངས་ཀྱིས་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་ལ་ད་དུང་དྭངས་གཙང་གློག་ཤུགས་བརྒྱུད་འདྲེན་བྱས་པ་རེད། 2022ལོའི་དབྱར་དུས་དང་སྟོན་དུས་སུ་བོད་ཀྱི་གློག་དྲས“གློག་ཤུགས་མཁའ་ལམ”གྱི་མཚོ་བོད་དྲ་སྦྲེལ་ལས་གྲྭའི་གློག་གཏོང་ཐབས་ལམ་བརྒྱུད། ཕྱི་ཕྱོགས་སུ་ཆན་ཝ་ཆུ་ཚོད་དུང་ཕྱུར་14.34ཡི་གློག་ཁུངས་གཙང་མ་ཞིང་ཆེན་དང་གྲོང་ཁྱེར་10ལྷག་ཙམ་ལ་བཏང་ནས་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་ལ་དབྱར་དུས་ཀྱི་གློག་དཀོན་ཤོས་དུས་མཚམས་ཀྱི་གློག་ཤུགས་མཁོ་འདོན་འགན་ལེན་བྱས་པ་རེད།