འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ས་མཐོའི་གཞོན་ནུའི་རྐང་རྩེད་སྤོ་ལོའི་ཕུགས་འདུན་ཆེད། མཐུན་རྐྱེན་བཟང་པོའི་བཀའ་དྲིན་བསྩལ་བ་རབ་ཏུ་རྨད།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་28ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཡུས་རུད།
     ཝང་ཅུན་འཕྲད་སྐབས། གཡག་རྒོད་རྐང་རྩེད་སྤོ་ལོའི་རུ་ཁག་ཅེས་པའི་མིང་དེ་ཁོང་ཚོར་ཧ་ཅང་འཚམས་པོ་ཡོད་པ་ད་གཟོད་གཞི་ནས་ཤེས་བྱུང་། སྨ་ར་མཐུག་ལ། གཟུགས་སྟོབས་ཆེ་ཞིང་བློ་བག་ཡངས་པའི་ཁམས་པའི་ཕོ་རྒོད་ནི་བདེ་ལྕག་འཁྱུག་ལ་རྩལ་གྱིས་ཕྱུག་པའི་གཡག་རྒོད་དང་འདྲ་པོ་ཡོད་ཅེས་བརྗོད་ན་མི་ཆོག་པ་མེད་སྙམ།
     ཝང་ཅུན་ཆུང་དུས་ནས་རྐང་རྩེད་སྤོ་ལོར་ཧ་ཅང་དགའ་པོ་ཡོད་ཅིང་། ཁོང་གིས་དེ་ནི“རྩྭ་ཐང་གི་ཕྲུ་གུ་རྣམས་སྐྱེས་དུས་ནས་བང་འགྲན་པར་དགའ་པོ་ཡོད”ཅེས་འགྲེལ་བཤད་རྒྱག་གི་ཡོད། 2006ལོར་ཁོང་གིས་རོགས་པ་དང་མཉམ་དུ་གཡག་རྒོད་རྐང་རྩེད་སྤོ་ལོའི་རུ་ཁག་བཙུགས་པ་དང་ལོ་དེ་རང་ལ་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་སྐྱེས་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཨང་དང་པོ་བླངས། དེ་ནས་བཟུང་གངས་ལྗོངས་ས་མཐོར་རྐང་རྩེད་སྤོ་ལོ་རིམ་གྱིས་དར་ཁྱབ་ཆེ།
     2014ལོར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་དམངས་ཡོངས་ལུས་སྦྱོང་མཛུབ་ཁྲིད་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཅུན་གྱིས་རྐང་རྩེད་སྤོ་ལོར་དགའ་པོ་ཡོད་པ་ཙམ་གྱིས་རྐང་རྩེད་སྤོ་ལོའི་འཐབ་རྩལ་ལ་རྒྱུས་མངའ་དེ་ཙམ་ཡོང་ཐབས་མེད་པས། རྐང་རྩེད་སྤོ་ལོ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་སྙམ་ན་ངེས་པར་དུ་རྗེས་གྲབས་རུ་མི་གསོ་སྐྱོང་གི་མ་ལག་འཛུགས་དགོས་པ་དང་ངེས་པར་དུ་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ལས་དོན་ནས་དམ་འཛིན་བྱེད་དགོས་པ་ཚོར།
     ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ནི་མཚོ་བོད་ས་མཐོར་གནས་ཤིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4200ལྷག་ཙམ་ཟིན་པ་དང་ས་ཆ་ཁག་གཅིག་གི་གསོ་རླུང་འདུས་ཚད་ནང་སའི་ཕྱེད་ཀའང་ཟིན་གྱི་མེད། འདི་གའི་ཕྲུ་གུ་ཚོ་སྐྱེས་དུས་ནས་མཐོ་གྲང་གསོ་རླུང་དཀོན་པའི་ཁོར་ཡུག་ཁྲོད་འཚོ་བ་སྐྱེལ་གྱི་ཡོད། རྒྱུ་མཚན་དེའི་དབང་གིས་ཁོང་ཚོའི་གཟུགས་སྟོབས་ཆེ་ལ་ནམ་ཡང་ཕམ་ཁ་མི་འཁུར་བའི་སྙིང་སྟོབས་ཤིག་ཀྱང་ལྷན་སྐྱེས་སུ་ཡོད། “ཕྲུ་གྲུ་ཡག་པོ་ཞིག་དགོས་ན་དགག་རྩ་ནི་འཚར་ལོངས་ཀྱི་མཐུན་རྐྱེན་བཟང་པོ་ཞིག་བསྐྲུན་རྒྱུ་དེ་རེད”ཅེས་ཝང་ཅུན་གྱིས་བརྗོད།
     ཡུལ་ཤུལ་གྲོང་ཁྱེར་ནི་ཀྲོའུ་སྲིད་གཞུང་གནས་ས་ཡིན་ཞིང། ལོ་དེར་ཁོང་གིས་གྲོང་ཁྱེར་སློབ་གསོ་ཅུས་ལ་འབྲེལ་བ་བྱས་པ་དང་ཕྱོགས་གཉིས་ཀའི་བསམ་ཚུལ་གཅིག་མཐུན་བྱུང་བས། ཡུལ་ཤུལ་གྲོང་ཁྱེར་གྱི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་སྐབས་དང་པོ་དེ་གཉེར་བ་རེད། ད་ཆ་ཡུལ་ཤུལ་གྲོང་ཁྱེར་གྱི་སློབ་གྲྭ་ཡོངས་ཀྱི་འཛིན་གྲྭར་འཛིན་གྲྭའི་རུ་ཁག་རེ་དང་སློབ་གྲྭར་སློབ་གྲྭའི་རུ་ཁག་རེ་ཡོད་པས་རྟག་ཏུ་ཕན་ཚུན་འགྲན་བསྡུར་བྱེད་ཀྱི་ཡོད་པ་དང་། སློབ་གྲྭའི་རིམ་མཚུངས་མཉམ་འགྲན་སྐབས་བཞི་གཉེར་ཟིན་ཞིང་། དགེ་སློབ་3000ལྷག་ཙམ་དེའི་ནང་ཞུགས་ཡོད།
     མཐུན་རྐྱེན་བཟང་པོ་འདི་འདྲ་ཞིག་ཡོད་པས། སློབ་མ་ཚོས་རྩྭ་ཐང་ནས་རྐང་རྩེད་སྤོ་ལོའི་ཐང་དུ་འགྲན་བསྡུར་བྱེད་པར་བསྐྱོད་པས། གཟུགས་པོར་སྦྱོང་བརྡར་ཐེབས་པ་མ་ཟད། རང་གིས་རང་ལ་ཡིད་ཆེས་ཀྱང་ཆེ་རུ་ཕྱིན་ཡོད། “འདི་ལོ་ཡུལ་ཤུལ་ཀྲོའུ་ཡིས་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་སྐབས་དང་པོ་གཉེར་རྒྱུ་ཡིན་པས་ཕྲུ་གུ་ཚོར་གར་སྟེགས་དེ་བས་ཆེ་བ་ཞིག་ཡོང་རྒྱུ་རེད”ཅེས་ཝང་ཅུན་གྱིས་རེ་བས་ཁེངས་བཞིན་དུ་དེ་ལྟར་བརྗོད།
     དཔལ་ཐང་ཤང་ལྟེ་བའི་ཞག་སྡོད་ལམ་ལུགས་སློབ་གྲྭའི་ལོ་རིམ་དྲུག་པའི་སློབ་མ་ཕུན་ཚོགས་སེང་གེ་འདི་ལོ་ལོ་13ལ་སླེབས་ཤིང་། དུས་རྒྱུན་ཁོམ་པ་ཡོད་རིམ་བཞིན་གཡག་རྒོད་རྐང་རྩེད་སྤོ་ལོའི་རུ་ཁག་གི་སྦྱོང་བརྡར་བྱེད་སར་འགྲན་བསྡུར་ལ་ལྟ་བར་འགྲོ་ཡི་ཡོད། ཕུན་ཚོགས་སེང་གེ་ལོ་ཆེན་པོ་མིན་ཡང་རྐང་རྩེད་སྤོ་ལོའི་འཐབ་རྩལ་སྐོར་གླེང་སྐབས་གོ་རིམ་ལྡན་ལ་ཁུངས་བཙན་པའི་སྐད་ཆ་མང་པོ་ཞིག་ཤོད་རྒྱུ་འདུག “ཕྱིས་བྱུང་ང་ཡང་ཁོང་ཚོ་དང་འདྲ་བར་ཡུལ་ཤུལ་དང་མཚོ་སྔོན་གྱི་ཚབ་བྱས་ནས་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན”ཞེས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བརྗོད།
     སློབ་གྲྭའི་རིམ་མཚུངས་མཉམ་འགྲན་དང་རྐང་རྩེད་སྤོ་ལོའི་རྣམ་པ་ཟབ་མོས་སློབ་མ་རྣམས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་ཞུགས་པའི་སྤྲོ་སེམས་ཆེ་རུ་ཕྱིན་ཡོད།
     དབྱར་ཁ་ཡུལ་ཤུལ་གྱི་ཁྲོམ་གཞུང་དུ་འཆམ་འཆམ་ལ་འགྲོ་སྐབས་སྤོ་ལོའི་གྱོན་ཆས་གྱོན་ཞིང་རྔུལ་ཆུ་ཁྲུམ་ཁྲུམ་དུ་བཞུར་བའི་རྐང་རྩེད་སྤོ་ལོ་རྒྱག་རྒྱུར་དགའ་པོ་བྱེད་མཁན་རྟག་ཏུ་མཐོང་རྒྱུ་ཡོད་ལ། ས་རུབ་ཀྱང་གློག་སྒྲོན་འོག་ཏུ་རྐང་རྩེད་སྤོ་ལོ་རྒྱག་མཁན་དང་ལྟད་མོ་ལྟ་མཁན་ཡང་ཧ་ཅང་མང་། 2016ལོར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་དམངས་ཁྲོད་ནས་རང་མོས་ངང“ཡུལ་ཤུལ་གྱི་རྐང་རྩེད་སྤོ་ལོ་མཁས་པ”དང་། “ལོ་ཆུང་སྤོ་ལོ་མཁས་ཤོས”“ལེགས་སྐྱེས་ཆེ་ཤོས་འབུལ་མཁན”སོགས་བདམས་ཡོད། ཁོར་ཡུག་དེ་འདྲའི་འོག་འཚར་ལོངས་བྱུང་བས་ཕྲུ་གུ་མི་རེ་ངོ་རེའི་སེམས་ཀྱི་ཞིང་སར་རྐང་རྩེད་སྤོ་ལོའི་མྱུ་གུ་འབུས་ཡོད།
     མདུན་ལམ་བཟང་པོའི་སྐྱ་རེངས་རིམ་གྱིས་འཆར་ཡང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་རྗེས་སུ་ལུས་པས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཇི་ལྟར་བྱས་ནས་སེལ་དགོས་སམ་ཞེ་ན།
     ཉེ་བའི་ལོ་ཤས་རིང་། ཁ་གཏད་རོགས་སྐྱོར་ས་ཁུལ་ཡིན་པའི་པེ་ཅིང་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་སྒོར་ཁྲི་4778བཏང་སྟེ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རུ་ལུས་རྩལ་ཐང་འཛུགས་སྐྲུན་དང་རྒྱ་སྐྱེད་ལེགས་གཏོང་ཐད་རོགས་སྐྱོར་བྱས་ཡོད། ད་ཆ་ཀྲོའུ་ཡོངས་ཀྱི་སློབ་གྲྭ་དང་སྤྱི་ཚོགས་ལ་རྐང་རྩེད་སྤོ་ལོའི་ཐང་106ཡོད་པ་དེ་ཆ་སྙོམས་བྱས་ན་མི་ཁྲི་རེར་རྐང་རྩེད་སྤོ་ལོའི་ཐང་2.45དབང་གི་ཡོད། དེས་ན་སློབ་མ་སློབ་གྲྭ་དང་ཁྱིམ་གང་དུ་ཡོད་ཀྱང་རྐང་རྩེད་སྤོ་ལོ་རྒྱག་ས་ཡོད་པ་རེད།
     རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པས་ཆེད་ལས་ཀྱི་ལས་དོན་ཡང་དེའི་རྗེས་སུ་ལུས་ན་མི་འགྲིག འདི་ལོ་མཚོ་སྔོན་ལ་རོགས་སྐྱོར་གྱི་སྟོབས་ཤུགས་ལ་བརྟེན་ནས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རིག་རྩལ་ཡུལ་སྐོར་དང་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་ཆེད་ལས་རྐང་རྩེད་སྤོ་ལོའི་སྐྱིད་སྡུག་དང་འབྲེལ་མཐུད་བྱས་ཏེ། མཉམ་དུ་ཆུ་ཚད་མཐོ་བའི་རྩལ་འཁྲིད་པ་དང་ཤན་འབྱེད་པ་གསོ་སྐྱོང་བྱེད་རྒྱུའི་འཆར་གཞི་བཀོད། འདི་ལོའི་དབྱར་ཁར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་རྐང་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་ལ་ཞུགས་ཏེ་མིག་རྒྱང་ཆེ་རུ་གཏོང་རྒྱུ་དང་སྦྲགས་འཐབ་རྩལ་ཆུ་ཚད་ཀྱང་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
     “སྒོ་དབྱེ་སྤེལ་རེས་བྱས་ན་གཞི་ནས་གྲུབ་འབྲས་ཐོབ་སྲིད”ཅེས་ཀྲོའུ་རིག་རྩལ་ཡུལ་སྐོར་དང་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཁག་ལྔ་པའི་པེ་ཅིང་གི་ལས་བྱེད་པ་ཤེས་ལྡན་མི་སྣ་ཀྲའོ་ལི་ཕིང་གིས“ང་ཚོས་གཞོན་ནུར་སྦྱོང་བརྡར་སྤྲོས་རྒྱུའི་ཐད་གཞན་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་ཕུལ་བྱུང་སློབ་མ་རྣམས་ཆེད་ལས་དཔུང་ཁག་ཏུ་སྦྱོང་བརྡར་དང་འགྲན་བསྡུར་བྱེད་པར་བཏང་ནས་ས་མཐོའི་རྐང་རྩེད་སྤོ་ལོར་དགའ་བའི་ན་གཞོན་ཚོའི་འཚར་ལོངས་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་དུ་འཇུག་རྒྱུ་ཡིན”ཞེས་བརྗོད།
     ད་བར་ཝང་ཅུན་གྱིས་བཙུགས་པའི་གཡག་རྒོད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་རུ་མི་100ལྷག་ཙམ་ཡོད་པ་དང་། དེའི་ཁྲོད་རུ་མི་མི་ཉུང་བ་ཞིག་སློབ་གྲྭར་དགེ་རྒན་བྱེད་པར་བསྐྱོད་ཡོད། དཔལ་ཐང་ཤང་ལྟེ་བའི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་ལུས་རྩལ་དགེ་རྒན་དཀོན་མཆོག་ཡོན་ཏན་གྱིས་རང་གིས་འགྲོ་སོང་བཏང་ནས་ཕྲུ་གུ་ཚོ་འགྲན་བསྡུར་སྣ་ཚོགས་ལ་ཞུགས་པར་ཁྲིད་ཀྱི་ཡོད། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་ཡུལ་ཤུལ(མཚོ་ཤར)ཡན་ལག་སློབ་གྲྭའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཉི་མ་རྟ་མགྲིན་གྱིས་སྔར་རྒྱུན་བཞིན་སློབ་མའི་སྤོ་ལོ་རྒྱག་རྩལ་ཡག་ཏུ་གཏོང་བར་རོགས་རམ་བྱེད་ཀྱི་ཡོད།
     ལོ་གཉིས་གོང་ཝང་ཅུན་གྱིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་བརྒྱད་གཅིག་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་སྤྱི་གཞོན་པའི་འགན་ཁུར། “གཞོན་ནུ་མི་རབས་གཅིག་གསོ་སྐྱོང་བྱ་རྒྱུ་དེ་ཀྲུང་གོའི་རྐང་རྩེད་སྤོ་ལོར་རེ་བའི་ས་བོན་བཏབ་ནས་ས་མཐོའི་ཕྲུ་གུ་ཚོ་ཉིན་ཞིག་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་འགྲན་བསྡུར་ལ་ཞུགས་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ཝང་ཅུན་གྱིས་མྱོང་ཚོར་ཟབ་མོས་བཤད།