འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱི་རིམ་ཁག་རིག་དངོས་སྲུང་སྐྱོབ་ཚན་པ་2373བར་མང་དུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་22ཉིན། 13:02】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། འདས་མ་ཐག་པའི་ལོ་གཅིག་ནང་བོད་ཀྱི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་ཞིང་། བོད་ཀྱིས་རིག་དངོས་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་ལས་དོན་ལ་ཤུགས་བརྒྱབ་སྟེ་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་70དང་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་222ཀྱི“ཡོད་པ་བཞིའི”ལས་དོན་ལེགས་སྒྲུབ་བྱས་ཡོད། བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་ས་ཚིགས་སྣ་ཚོགས་4277ནས་4468བར་མང་དུ་སོང་བ་དང་། རིམ་ཁག་རིག་དངོས་སྲུང་སྐྱོབ་ཚན་པ་1987ནས་2373བར་མང་དུ་སོང་བའི་ནང་གྲོང་ཁྱེར་དང་རྫོང་རིམ་པའི་རིག་དངོས་ས་ཚིགས་1314ནས་1700བར་མང་དུ་ཕྱིན་ཡོད་པ་རེད། བོད་ཀྱི་གྲགས་ཅན་རྡོ་རིང་དང་བྲག་བརྐོས་རིག་དངོས་འདེམས་སྒྲུག་འོས་སྦྱོར་དང་རྡོ་རིང་དང་རྡོ་བརྐོས་རིག་དངོས་ཐོན་ཁུངས་མཐིལ་རྟོགས་བརྟག་ཞིབ་ལས་དོན་ལེགས་སྒྲུབ་བྱས་པས་རྡོ་རིང་དང་རྡོ་བརྐོས་རིག་དངོས་ཁྱོན་59རྙེད་པ་མ་ཟད། བོད་ཀྱི་རིག་དངོས་ཉར་ཚགས་ཚན་པ་149ཡི་རིམ་པ་དང་པོའི་རིག་དངོས་ཆ་འཕྲིན་བསྐྱར་བཤེར་ཐོ་འགོད་ལས་དོན་ཡང་ལེགས་སྒྲུབ་བྱས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་རིག་དངོས་ལས་དོན་སྤེལ་རིང“སྲུང་སྐྱོང་ཨང་དང་པོ་དང་། དོ་དམ་ལ་ཤུགས་སྣོན། རིན་ཐང་སྔོག་འདོན། བེད་སྤྱོད་ནུས་ལྡན། རིག་དངོས་ལ་གསོན་ཤུགས་ལྡན་པ”བཅས་ཀྱི་དུས་རབས་གསར་པའི་རིག་དངོས་ལས་དོན་གྱི་བྱེད་ཕྱོགས་ལག་ལེན་ཧུར་ཐག་བསྟར་ནས་རིག་དངོས་སྲུང་སྐྱོབ་དང་། བེད་སྤྱོད། སྒྱུར་བཅོས་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་བཏང་ཡོད། ན་ནིང་། བོད་ཀྱི་རིག་དངོས་སྡེ་ཚན་གྱིས་རིག་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་གནའ་དཔེ་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོབ་དང་བེད་སྤྱོད་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། 《ཕོ་བྲང་པོ་ཏ་ལའི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་སོགས་གནའ་དཔེ་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོབ་དང་བེད་སྤྱོད་རྣམ་གྲངས་ཀྱི་སྤྱིའི་འཆར་འགོད་ཀྱི་ལག་བསྟར་ཇུས་གཞི》གྲུབ་པ་དང《ཕོ་བྲང་པོ་ཏ་ལའི་རིག་དངོས(གནའ་དཔེ་དང་ཚད་ལྡན་ཡིག་ཆ)སྲུང་སྐྱོབ་དང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད》ལེགས་སྒྲུབ་བྱས་པ་རེད། ཕོ་བྲང་པོ་ཏ་ལའི་རིག་དངོས(གནའ་དཔེ་དང་ཚད་ལྡན་ཡིག་ཆ)སྲུང་སྐྱོབ་དང་བེད་སྤྱོད་ཀྱི་དུས་ཐེངས་དང་པོའི་རྣམ་གྲངས་ལ་ཞིབ་བཤེར་རྩིས་ལེན་ཐོབ་པ་དང་དུས་ཐེངས་གཉིས་པའི་རྣམ་གྲངས་སྒྲིག་འཛུགས་བྱས་ནས་ལག་ལེན་བསྟར་བཞིན་ཡོད་པ་མ་ཟད། མིག་སྔར་དུས་ཐེངས་གསུམ་པའི་རྣམ་གྲངས་ཀྱི་ཇུས་གཞི་ཡང་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད་པ་རེད། རིག་དངོས་རྣམ་གྲངས་འཛུགས་སྐྲུན་ལ་གང་མགྱོགས་སྐུལ་འདེད་བཏང་ཞིང་། རྒྱལ་རྩེའི་རྫོང་རིའི་དབྱིན་འགོག་གནའ་ཤུལ་དང་ར་སྒྲེང་དགོན་པའི་ལྡེབས་རིས་སོགས་རིག་དངོས་སྲུང་སྐྱོབ་ཉམས་གསོའི་རྣམ་གྲངས་20སྒྲིག་འཛུགས་ཀྱིས་ལག་ལེན་བསྟར་བར་རྣམ་གྲངས་3ལེགས་གྲུབ་ཟིན་པ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་བོད་ཀྱི་རིག་དངོས་ཀྱི་དུས་བདེའི་ལས་གྲྭ་དང་གསར་བརྗེའི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་ལས་གྲྭར་སྐུལ་འདེད་གང་མགྱོགས་བཏང་བ་དང་རྣམ་གྲངས་9ཡི་དུས་འགོའི་ལས་དོན་ལེགས་གྲུབ་ཟིན་ཡོད། རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་རྣམ་གྲངས་ཀྱི་གྲབས་གསོག་མཛོད་བཙུགས་ནས་བོད་ཀྱི་རིག་དངོས་སྲུང་སྐྱོབ་རྣམ་གྲངས་ཀྱི་དོ་དམ་སྔར་བས་ཚད་ལྡན་བཟོས་ཡོད།
     གཞན་ཡང་། བོད་ཀྱིས་གནའ་རྫས་རྟོག་ཞིབ་ཀྱི་སྔོག་འདོན་ཞིབ་འཇུག་ལས་དོན་སྔར་བས་གཏིང་ཟབ་སྤེལ་ནས“ས་མཐོའི་གནའ་རྫས་རྟོག་ཞིབ་ཆེ་མོའི”འདུ་འགོད་སྒྲིག་འཛུགས་ལག་ལེན་བསྟར་ཏེ་རིག་དངོས་གནའ་རྫས་རྟོག་ཞིབ་ཀྱི་བརྟག་དཔྱད་དང་། སྔོག་འདོན། ཚོད་སྐོར། ཞིབ་འཇུག་བཅས་ཀྱི་རྣམ་གྲངས་ཁག་31སྤེལ་ཡོད། གནའ་རྫས་རྟོག་ཞིབ་བྱེད་སྐབས་རྙེད་པའི་རྒྱ་རིགས་གནའ་ཤུལ་དང་། མ་བུ་མཚོ་གནའ་ཤུལ་དང་། གད་པ་སེར་པོའི་གནའ་ཤུལ། འདམ་གཞུང་གི་བང་སོ་སོགས་རྒྱལ་ཁབ་རིག་དངོས་ཅུས་ཀྱི“ཀྲུང་གོའི་གནའ་རྫས་རྟོག་ཞིབ”ཀྱི་རྣམ་གྲངས་གལ་ཆེན་གྱི་འཕེལ་རིམ་ལས་དོན་ཚོགས་འདུར་ཁྱབ་བསྒྲགས་བྱས་པ་རེད། དེའི་ནང་ནས་མངའ་རིས་ས་ཁུལ་སྒར་རྫོང་གི་སེང་གེ་ཁ་འབབ་ངོགས་ནས་རྙེད་པའི་རྒྱ་རིགས་གནའ་ཤུལ་ནི་མཚོ་བོད་ས་མཐོའི་མཐིལ་དུ་མཐོང་དཀོན་ཞིང་ས་གཞི་ཆགས་རིམ་མངོན་གསལ་དོད་པའི་ཡི་གེ་མ་བྱུང་གོང་གི་སྔ་དུས་ཀྱི་མིའི་རིགས་འཚོ་སྡོད་བྱེད་སའི་གནའ་ཤུལ་ཞིག་ཡིན་ཞིང་། དེས་མཚོ་བོད་ས་མཐོའི་མཐིལ་དུ་ད་ནས་བརྩིས་པའི་ལོ་ངོ་8000ནས་10000བར་གྱི་ཡི་གེ་མ་བྱུང་གོང་གི་གནའ་རྫས་རྟོག་ཞིབ་རིག་གནས་ཀྱི་སྟོང་ཆ་བསྐངས་པ་མ་ཟད། དེ་བས་གལ་འགངས་ཆེ་བ་ནི་གནའ་ཤུལ་དེ་ནས་རྡོ་བཟོས་ཐོན་རྫས་འདུས་ཆེ་བའི་ཁུལ་ཞིག་རྙེད་པ་དེས་ལོ་ཁྲི་1ལྷག་ཙམ་གོང་ཀྲུང་གོའི་བྱང་རྒྱུད་ཀྱི་མི་རྣམས་བོད་དུ་གནས་སྤོས་པའི་ལོ་རྒྱུས་རིང་མོ་རིམ་བཞིན་ཤེས་རྟོགས་ཐུབ་རེ་ཡོད་པ་རེད།