༄༅།།བོད་ཀྱིས་ས་མཐོར་འཚམས་པའི་ཐབ་ཆས་གསར་བཟོ་དང་རིམ་པ་སྤར་ནས་མང་
ཚོགས་ཀྱི་འཚོ་བའི་དགོས་མཁོ་སྔར་བས་ཡག་པོ་སྐོང་བ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 03ཚེས་20ཉིན། 13:25】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སྐལ་བཟང་དཔལ་འབྱོར།
“འདི་ནི་བཟོ་ལྟ་གསར་པའི་ས་མཐོའི་ནུས་མང་རླངས་རྡིག་རེད། འདིའི་ནང་དུ་བཙོས་པའི་ཤ་འཚོས་པོ་ཡོད་ལ་བྲོ་བ་ཧ་ཅང་ཞིམ་པོ་འདུག”ཅེས་ལོ་34ལ་སླེབས་པའི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གི་འབྲོག་མོ་འཛིན་མཚོས་ཐབ་སྟེང་གི་རླངས་རྡིག་ནང་ནས་ཚགས་ཤ་ལྷེབ་ལྷེབ་ཅིག་བཏོན་ཏེ་སྡེར་མའི་ནང་དུ་བླུག་གིན་གསར་འགོད་པར་དེ་ལྟར་བཤད།
བོད་ཀྱི་ས་བབ་མཐོ་བ་དང་། རླུང་གནོན་དམའ་བ། འཁོལ་ཚད་དམའ་བ་བཅས་ཀྱི་དབང་གིས་མེ་ཇི་ཙམ་ཆེ་ཡང་ཆུའི་དྲོད་ཚད་ཧྲེ་ཧྲི་ཏུའུ་80ལྷག་ཙམ་ལས་སླེབས་ཀྱི་མེད་པས་རླངས་རྡིག་ནི་མང་ཚོགས་ལ་མེད་དུ་མི་རུང་བའི་གཡོས་སྦྱོར་ཡོ་བྱད་ཅིག་རེད།
མང་ཚོགས་ཀྱི་དགོས་མཁོ་སྔར་བས་ཡག་པོ་བསྐང་ཆེད། 2022ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་རྒྱལ་ནང་གི་འབྲེལ་ཡོད་སྣེ་འདྲེན་ཐབ་ཆས་ཁེ་ལས་དང་མཉམ་དུ་དུས་ཡུན་ཟླ་བ་གསུམ་སྤྱད་ནས་ས་མཐོའི་ས་ཁུལ་དུ་སྤྱོད་པར་འཚམ་པའི་ནུས་པ་མང་བའི་ཐབ་ཆས་ཐོན་རྫས་ཁག་14ཞིབ་འཇུག་གསར་སྤེལ་བྱས་ནས་ཁེ་བེད་བདག་ཐོབ་ཁག་18རེ་འདུན་ཞུས་པ་རེད།
2022ལོར་བོད་ཀྱི་ས་མཐོའི་ནུས་པ་མང་བའི་ཐབ་ཆས་རབ་དང་རིམ་པ་ཐོན་སྐྱེད་བྱེད་མཁན་ཀུང་སི་དང་པོ་བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སི་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་བཙུགས་པ་རེད། ཀུང་སིས་ས་ཆ་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1.3ལྷག་ཙམ་བཟུང་བ་དང་ཁྱོན་མ་དངུལ་སྒོར་ཁྲི་4000བཏང་ཞིང་། མིག་སྔར་ཐོན་སྐྱེད་འཁོར་ཁང་7བསྐྲུན་ཟིན་ནས་ལོར་ས་མཐོའི་ནུས་མང་རླངས་རྡིག་ཁྲི་100ཐོན་སྐྱེད་ཐུབ་ཀྱི་ཡོད།
མང་ཚོགས་ཀྱིས་ས་མཐོའི་ནུས་པ་མང་བའི་ཐབ་ཆས་རབ་དང་རིམ་པའི་གཡོས་སྦྱོར་ཕན་འབྲས་ཤེས་རྟོགས་ཐུབ་ཆེད། བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིས་ནག་ཆུ་དང་གཞིས་རྩེ་གྲོང་ཁྱེར་གཉིས་ནས་གྲོང་ཚོ་རེ་བདམས་ཏེ་གྲོང་མིར་རླངས་རྡིག་སྤྲད་པ་རེད། “རླངས་རྡིག་གསར་པར་ཐུག་པ་དང་འབྲས་བཙོ་ཆོག་པ་མ་ཟད། ད་དུང་ཤའང་བཙོ་ཆོག་གི་འདུག”ཅེས་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གི་འབྲོག་པ་ཚེ་རིང་དབང་རྒྱལ་གྱིས་བཤད་པ་དང་རླངས་རྡིག་གསར་པ་ལག་ཏུ་འབྱོར་བ་ནས་བཟུང་རླངས་རྡིག་རྙིང་པ་བེད་སྤྱོད་གཏོང་མྱོང་མེད་ལ་ཚལ་བཟོ་སྟངས་ཀྱང་སྔོན་མ་ལས་མང་དུ་ཕྱིན་པ་དང་བྲོ་བ་ཡང་དེ་བས་ཞིམ་པོ་ཡོད་པ་རེད།
བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྟེ་གནས་ཀྱི་ཉམས་ལེན་ཚོང་ཁང་ཞིག་ཏུ་རླངས་རྡིག་དང་། ཚལ་སླང་། ཇ་ལྡིར་སོགས་ས་མཐོའི་ནུས་མང་རིགས་ཀྱི་ཐབ་ཆས་བསྒྲིགས་ཡོད་པར་ཉམས་ལེན་བྱེད་པར་ཡོང་མཁན་གྲོང་མི་རྫོགས་རྒྱུ་མེད། “རླངས་རྡིག་རྙིང་པ་དང་བསྡུར་ན་ས་མཐོའི་ནུས་མང་རླངས་རྡིག་གི་བཀོལ་སྤྱོད་སྟབས་བདེ་བ་དང་རྒྱུ་ཆ་སྤུས་དག་པོ་འདུག”ཅེས་གྲོང་མི་ལྷག་པ་སྒྲོལ་མས་བཤད།
ས་མཐོའི་ས་ཁུལ་དུ་འཚམ་པའི་ནུས་མང་ཐབ་ཆས་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་གཏོང་བ་ནི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྐུལ་འདེད་བཏང་བའི་དམངས་འཚོའི་འདུ་འགོད་ཅིག་རེད། བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་ཀོ་ཞང་གིས། བོད་ཀྱིས་ཐོན་ལས་འཕེལ་རྒྱས་ཀྱི་འབྲེལ་ཐག་སྣུར་སྲིང་དང་ཐོན་ལས་འཕེལ་རྒྱས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་བ་བརྒྱུད། ཁྱད་ཆོས་མངོན་གསལ་དོད་པ་དང་། ལག་རྩལ་སྔོན་ཐོན། སྤུས་རྟགས་མངོན་གསལ་དོད་པ་བཅས་ཀྱི་དེང་རབས་ཅན་གྱི་ཐབ་ཆས་ཐོན་ལས་མ་ལག་བསྐྲུན་ནས་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་ཤུགས་ཆེན་གཏོང་གི་ཡོད་ཅེས་བཤད་པ་རེད།