༄༅།།ཉིན་100རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་བཅུ་བདུན་པ། མི་གཞན་གྱིས་བོར་བའི་
ཅ་ལག་ལ་གཏོར་བརླག་བཏང་ན་སྐྱིན་ཚབ་འཇལ་དགོས་སམ།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 08ཚེས་19ཉིན། 14:35】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

གྱོད་གཞི།
སྤོ་བོ་ལི་ལགས་ཕྱི་ལ་འཆམ་འཆམ་དུ་སྐྱོད་སྐབས། སྡེ་ཁུལ་ནས་མིག་ཤེལ་ཞིག་རྙེད། ཕར་བལྟས་དུས་གསར་པ་ཞིག་ཡིན་པས་སྤོ་བོ་ལི་ལགས་ཀྱིས་སེམས་སུ་ཁྱིམ་དུ་ལོག་ནས་ཕན་ཐོགས་ཅི་ཡོད་བལྟ་སྙམ་པ་རེད། ཨ་ཅག་ཝང་ལགས་ཀྱིས་མིག་ཤེལ་བོར་རྗེས། ཉེན་རྟོག་པར་ཞུས། ཉེན་རྟོག་པས་སྡེ་ཁུལ་གྱི་ལྟ་འཛིན་སྒྲིག་ཆས་ནས། སྤོ་བོ་ལི་ལགས་ཀྱིས་མིག་ཤེལ་སྒྲུག་སོང་བ་ཤེས། དེ་ནས་སྤོ་བོ་ལི་ལགས་ལ་ཕྱིར་སྤྲོད་དགོས་ལུགས་དང་། གལ་ཏེ་མ་སྤྲད་ན། དེར་བསྟུན་གྱི་ཁྲིམས་འབྲེལ་འགན་འཁྲི་འཁུར་དགོས་ལུགས་བཤད། བསམ་ཡུལ་ལས་འདས་པ་ཞིག་ལ། ཨ་ཅག་ཝང་ལགས་ཀྱི་སྐད་ཆ་དེ་ཐོས་རྗེས། སྤོ་བོ་ལི་ལགས་ཁོང་ཁྲོ་ལངས་ཏེ། རྙེད་ཡོང་བའི་མིག་ཤེལ་དེ་གཏོར་ནས་གད་སྙིགས་བླུགས་སྒམ་དུ་གཡུགས། དེ་ནས་རང་གིས་མིག་ཤེལ་ཪྙེད་མེད་ཟེར། ཨ་ཅག་ཝང་ལགས་ཀྱིས་སྤོ་བོ་ལི་ལགས་ལ་སྐྱིན་ཚབ་འཇལ་དགོས་ཟེར། འོ་ན། སྤོ་བོ་ལི་ལགས་ཀྱིས་ཁག་འགན་འཁུར་དགོས་སམ།
གྱོད་གཞི་ལ་གཞིགས་ནས་ཁྲིམས་བཤད།
གལ་ཏེ་རྐང་བཙུགས་ནས་གཏོར་བརླག་བཏང་བ་ཡིན་ན། སྐྱིན་ཚབ་འཇལ་དགོས། དམངས་དོན་ཁྲིམས་གཞུང་དོན་ཚན་བརྒྱ་དང་བཅུ་དྲུག་པའི་ནང་གཏན་འབེབས་བྱས་དོན། བོར་བརླག་དངོས་པོ་འབྲེལ་ཡོད་སྡེ་ཁག་ལ་བསྐྱལ་སྤྲོད་མ་བྱས་གོང་དང་། བོར་བརླག་དངོས་པོ་རྩིས་ལེན་མ་བྱས་གོང་དུ། རྙེད་མི་དང་འབྲེལ་ཡོད་སྡེ་ཁག་གིས་བོར་བརླག་དངོས་པོ་ཉར་ཚགས་འཐུས་པོ་བྱེད་དགོས། བསམ་བཞིན་དུ་བྱས་པའམ་ལས་འཛོལ་ཚབས་ཆེན་ཤོར་བའི་རྐྱེན་གྱིས་བོར་བརླག་དངོས་པོར་ཆག་སྐྱོན་བཟོས་པ་དང་མེད་བརླག་ཏུ་བཏང་བ་ཡིན་ན། དམངས་དོན་འགན་འཁྲི་འཁུར་དགོས།
