གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 11ཚེས་11ཉིན། 14:49】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཞིང་ལས་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོ་ནས་གསུམ་པའི་བར། ཞིང་ལས་གྲོང་གསེབ་ཀྱི་འཕེལ་རྒྱས་གསོན་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད་པ་རེད། ཞིང་པའི་ཡོང་འབབ་ལ་བལྟས་ན། རྒྱལ་ཡོངས་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་18809ཟིན་ནས་5.6%དངོས་སུ་འཕར་བ་དང་། འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དང་བསྡུར་ན་བརྒྱ་ཆའི་གྲངས་2ཀྱིས་མགྱོགས་པ་ཡོད། གྲངས་གཞི་ལས་མངོན་པར་གཞིགས་ན། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་དུས་ཚད་ཐིམ་རྗེས་སླར་ཡང་ལོ་30འགན་གཙང་སྤྲོད་པའི་ཞིང་ཆེན་ཡོངས་ཀྱི་ཚོད་ལྟའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་། མིག་སྔར་རྒྱལ་ཡོངས་སུ་གན་རྒྱ་ཁྲི་3000ལྷག་ཙམ་བཞག་ཡོད། ས་གནས་ཁག་གིས་རིམ་རྩིས་བརྒྱབ་ན་ཁྱིམ་ཚང་ཞིང་ར་དང་ཞིང་པའི་མཉམ་ལས་ཁང་ཁྲི་600ཙམ་སྐྱེད་སྲིང་བྱས་པ་དང་། གཉེར་སྐྱོང་རང་བཞིན་གྱི་བྱེད་པོ་ཁྲི་108ཀྱིས་སྤྱི་ཚོགས་ཅན་གྱི་ཞབས་འདེགས་ཞུ་བཞིན་ཡོད་པ་རེད།
ཞིང་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱས་ཚུལ་ལེགས་ཤིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་དུང་ཕྱུར་2523.6ཟིན་ནས་དུས་མཚུངས་ལས་9.7%འཕར་བའི་ཁྲོད་ནང་འདྲེན་བྱེད་ཚད་ཨ་སྒོར་དུང་ཕྱུར་1714.6ཟིན་ནས་10.2%འཕར་བ་དང་། ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་809ཟིན་ནས་8.7%འཕར་ཡོད་པ་རེད།