གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 10ཚེས་23ཉིན། 13:54】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་10ཚེས་18ཉིན་། མཚོ་སྔོན་ཞིང་ཨུད་དྲིལ་བསྒྲགས་པུའུ་དང་། ཞིང་ཨུད་དྲ་འཕྲིན་གཞུང་དོན་ཁང་། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས། སྡེ་ཚོགས་ཞིང་ཨུད། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། ཞིང་ཆེན་ནང་ཁུལ་གྱི་མཐོ་སློབ་ཁག་གིས་གཉེར་རོགས་བྱས་པའི“ཤེས་དཔལ་དྲ་རྒྱ་ཡི་བར་མཐོངས། འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས”ཞེས་པའི་2026ལོའི་མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་ཤེས་དཔལ་གཟའ་འཁོར་དེ་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་དུ་དངོས་སུ་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་དྲ་རྒྱའི་ཤེས་དཔལ་གཟའ་འཁོར་གྱི་དམིགས་ཡུལ་ནི་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱེད་པ། སྤྱི་ཚོགས་ཡོངས་ལ་ཡ་རབས་ངང་དྲ་རྒྱ་གཉེར་བ་དང་། དྲ་རྒྱ་སྤྱོད་པ། དྲ་རྒྱར་ཞུགས་དགོས་ལུགས་སྐུལ་སློང་བྱས་ཏེ། ལག་གདང་སྦྲེལ་ནས་དྲ་རྒྱའི་བར་མཐོངས་གཙང་མ་དང་དྲ་རྒྱའི་ཁོར་ཡུག་བཟང་པོ་བཏོད་དེ་ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་དེ་རེད།
འགོ་ཚུགས་མཛད་སྒོར་ཏ་ཐུང་རྫོང་གིས་དྲ་རྒྱའི་གྲགས་ཅན་མི་སྣ་དང་དྲ་རྒྱའི་ཤེས་དཔལ་ལག་ལེན་གྱི་གྱོད་དཔེ་མཉམ་སྤྱོད་བྱས་ཤིང་། ལས་བཟོའི་དྲ་དམངས་ཡག་པོ་དང་། གཞོན་ནུའི་དྲ་དམངས་ཡག་པོ། བུད་མེད་དྲ་དམངས་ཡག་པོ་བཅས་ཀྱི་འཐུས་མིས་རིམ་པ་བཞིན་གཏམ་བཤད་སྤེལ་བ་དང་། མཐོ་སློབ་གཞོན་ནུའི་འཐུས་མིས་གཞོན་ནུའི་དྲ་རྒྱའི་ཤེས་དཔལ་གྲོས་འགོ་ཁྱབ་བསྒྲགས་བྱས་པ་རེད། དེ་རྗེས་ཞིང་ཆེན་ནང་ཁུལ་གྱི་མཐོ་སློབ་དང་ཟི་ལིང་གྲོང་ཁྱེར་གྱི་རིག་རྩལ་དཔུང་ཁག་གིས་གླུ་གར་དང་། ལྗོངས་རྣམ་ཟློས་གར། གྱེར་འདོན་སོགས་རིག་རྩལ་གྱི་གསོན་ཉམས་དོད་པའི་རྣམ་པའི་ཐོག་ནས་ཁ་བསླུས་ལ་ངོ་རྒོལ་དང་། དྲ་རྒྱའི་གཏུམ་སྤྱོད་བཀག་འགོག མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་དྲ་རྒྱའི་ཤེས་དཔལ་འདུ་ཤེས་བརྒྱུད་སྤྲོད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དྲ་རྒྱའི་ཤེས་དཔལ་གཟའ་འཁོར་དེ་ཟླ་10ཚེས་23ཉིན་བར་རྒྱུན་མཐུད་ནས་སྤེལ་རྒྱུ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཀྲོའུ་ཁག་གིས་དུས་བཀག་དབྱེ་བ་དང་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་དྲ་རྒྱའི་ཤེས་དཔལ་གྱི་བརྗོད་དོན་གཙོ་བོ་དྲིལ་བསྒྲགས་བྱེད་རྒྱུ་མ་ཟད། 2026ལོའི་མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་ཤེས་དཔལ་གྱི་ཕུལ་བྱུང་དཔེ་མཚོན་བསྡུ་རུབ་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་ཡང་སྤེལ་ནས་གཙང་གསུམ་ཆུ་འགོའི་དྲ་རྒྱའི་ཤེས་དཔལ་གྱི་དྲང་ནུས་ཆེ་རུ་གཏོང་རྒྱུ་རེད།