གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 10ཚེས་21ཉིན། 14:02】 ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་མོ་གྲོང་གྲོང་ཚོའི་ཞིང་ནང་དང་མུ་ཁར་གཡུལ་ལས་ཚར་བའི་མཛད་སྒོ་འཁྲུག་ཆ་དོད་པོ་ཞིག་འཚོགས་ཤིང་། བཙས་མ་བརྔས་ཚར་བའི་ཞིང་ཁའི་ནང་ཡུལ་མི་ཚོས་ནས་ཆང་དང་། ཚགས་ཤ་སྐམ་པོ། བྱེ་རིལ་སོགས་ཁྱེར་ནས་མཉམ་འཛོམས་ཀྱིས་ས་མཐོའི་ས་གཞི་ཆེན་པོར་དབང་བའི་ལོ་ལེགས་ཀྱི་རྟེན་འབྲེལ་མཛད་སྒོར་ཞུགས།
“ད་ལོ་ནས་ཀྱི་སྐྱེ་འཚར་བཟང་པོ་འདུག སྔོན་དཔག་བྱས་ན་མུའུ་རེའི་ཐོན་ཚད་རྒྱ་མ་780ཙམ་ཟིན་བཟོ་འདུག”ཅེས་ཡུལ་མི་བསོད་ནམས་རྒྱལ་མཚན་གྱིས་གསར་འགོད་པར་ད་ལོ་ཐོན་འབབ་ཡག་པོ་བྱུང་ཚུལ་ཞིབ་ཕྲ་བཤད།
ལོ་ལེགས་ཀྱི་སྤྲོ་སྣང་ད་དུང་རྒྱུན་མཐུད་བཞིན་ཡོད་པ་དང་། རྨོ་ཞིང་བདག་སྐྱོང་དང་ལོ་རྗེས་མའི་ཞིང་ལས་ཐོན་སྐྱེད་ཀྱི་གྲ་སྒྲིག་ལས་དོན་ཚ་ཚ་འུར་འུར་ངང་བྱེད་འགོ་ཚུགས་ཡོད། གུང་དཀར་གྲོང་རྡལ་སྐལ་བཟང་གྲོང་ཚོར་ནས་བརྔ་བསྡུ་མཇུག་འགྲིལ་མ་ཐག་འདྲུད་འཐེན་འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས། ཞིང་འཕྲུལ་སྣ་ཚོགས་ཕར་འགྲོ་ཚུར་འོང་བྱས་ནས་ཞིང་ཁ་རྨོ་འགོ་ཚུགས།
ཤེས་རྟོགས་བྱུང་བར་གཞིགས་ན། 2026ལོར་མལ་གྲོ་གུང་དཀར་རྫོང་གིས་ཞིང་ལས་སྐྱེ་དངོས་མུའུ་ཁྲི་11.11བཏབ་ནས་ཞིང་ལས་འདེབས་འཛུགས་ཀྱི་གྲུབ་ཆ་ལེགས་སུ་རྒྱུན་མཐུད་བཏང་ཡོད། དེའི་ནང་འབྲུ་རིགས་ལོ་ཏོག་མུའུ་ཁྲི་7.37དང་འབྲུ་རིགས་ལོ་ཏོག་གཙོ་བོ་ཡིན་པའི་ནས་མུའུ་ཁྲི་7.18ཟིན་ཡོད། དཔལ་འབྱོར་སྐྱེ་དངོས་མུའུ་ཁྲི་3.43གྱི་ནང་པད་ཁ་མུའུ་ཁྲི་3.03དང་སྔོ་ཚལ་མུའུ་ཁྲི་0.4ཚུད་ཡོད། གཟན་རྩྭ་མུའུ་ཁྲི་0.31ཟིན་ནས་འབྲུ་རིགས་ཀྱི་རྨང་གཞི་བརྟན་པ་དང་། དཔལ་འབྱོར་ལོ་ཏོག་གི་ཕན་འབྲས་ཆེ་བ། གཟན་རྩྭས་གསོ་ཚགས་འགན་ལེན་བྱེད་པ་བཅས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་རྣམ་པ་ཞིག་ཆགས་ཡོད།
བརྔ་བསྡུ་དང་རྨོ་འདེབས་ལས་མིག་སྔའི་ལོ་ལེགས་མཚོན་ཡོད་ལ། སང་ལོ་ལོ་ལེགས་ཡོང་བའི་རེ་སྒུག་དེ་བས་ཀྱང་མཚོན་ཡོད། མལ་གྲོ་གུང་དཀར་རྫོང་གི་ལུང་གཞུང་གི་ས་རྒྱུ་གཤིན་པོར་གནའ་བོའི་སོ་ནམ་རིག་གནས་ལ་དུས་རབས་ཀྱི་སྐྱེ་སྟོབས་ཟམ་མི་ཆད་པར་རྒྱས་ནས་ས་མཐོའི་འབྲུ་མཛོད་ལ་ལོ་ལྟར་རེ་བ་གསར་པས་ཁེངས་ནས་ཡོད།