འཚོལ་བཤེར།   
藏文频道
2026ལོའི་ཟླ་10ཚེས་9ཉིན།

༄༅།།རྒྱལ་སྟོན་གུང་གསེང་རིང་རིག་ནུས་དང་། ལྗང་མདོག བདེ་ཐང་བཅས་ཀྱི་ཚོང་ཟོག་དགོས་མཁོ་ཤུགས་ཆེ་རུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 10ཚེས་09ཉིན། 09:29】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་7ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་7ཉིན་གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། རྒྱལ་སྟོན་གུང་གསེང་རིང་རིག་ནུས་དང་། ལྗང་མདོག བདེ་ཐང་བཅས་ཀྱི་ཚོང་ཟོག་དགོས་མཁོ་ཤུགས་ཆེ་རུ་ཕྱིན་ཡོད། ཚོང་དོན་པུའི་ཚོང་དོན་གྲངས་གཞི་ཆེ་མོ་ལས་མངོན་པར་གཞིགས་ན། ཟླ་10ཚེས་1ནས་6ཉིན་བར། གཙོ་གནད་ལས་སྟེགས་ཀྱི་རིག་ནུས་འཕྲུལ་མི་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་ལྡབ་1.3འཕར་བ་དང་། རིག་ནུས་མིག་ཤེལ་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་ལྡབ་1འཕར་བ། ཆུ་གྲོན་ཆུང་གི་ཡོ་བྱད་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་18.1%འཕར་བ། ཕྱི་རུས་རམ་འདེགས་ཡོ་བྱད་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་12.8%འཕར་བ། ཁང་ཕྱིའི་ལུས་རྩལ་སྒྲིག་ཆས་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་10.4%འཕར་བ། རིམ་པ་དང་པོའི་ནུས་ཆེའི་ཕོར་འཁྲུའི་ཡོ་བྱད་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་8.4%འཕར་བ་བཅས་རེད།

རྒྱལ་སྟོན་གུང་གསེང་རིང་། གྲོང་མི་ཡུལ་སྐོར་དུ་འགྲོ་བའི་སྤྲོ་སེམས་རབ་ཏུ་འཕེལ་ནས་རྒྱལ་ཡོངས་ཀྱི་འཛད་སྤྱོད་ཁྲོམ་ར་སྤྱིར་ན་བརྟན་པོ་བྱུང་བ་དང་འཚོ་བའི་མཁོ་ཆས་འདང་ངེས་དང་རིན་གོང་བརྟན་པོ་བྱུང་ཡོད། ཚོང་དོན་པུའི་ཚོང་དོན་གྲངས་གཞི་ཆེ་མོ་ལས་མངོན་པར། ཟླ་10ཚེས་1ནས་6ཉིན་བར། འཛད་རྫས་རྙིང་པ་གསར་པར་བརྗེས་པ་ལས་མི་ཐེངས་ཁྲི་639.2ལ་ཕན་པ་ཐོབ་པ་དང་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་334.8ཟིན་པར་སྐུལ་ཁྲིད་ཐུབ་ཡོད། དེའི་ནང་། རླངས་འཁོར་རྙིང་པ་ཁྲི་6.8གསར་པར་བརྗེས་ནས་རླངས་འཁོར་གསར་པ་ཕྱིར་ཚོང་གི་ཡོང་འབབ་སྒོར་དུང་ཕྱུར་109.2ཟིན་པར་སྐུལ་ཁྲིད་ཐུབ་པ་དང་། ཁྱིམ་སྤྱོད་གློག་ཆས་རྙིང་པ་ཁྲི་284.8གསར་པར་བརྗེས་ནས་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་123.4ཟིན་པར་སྐུལ་ཁྲིད་ཐུབ་པ། གྲངས་འཛིན་དང་རིག་ནུས་ཐོན་རྫས་ཁྲི་305.2གསར་དུ་ཉོས་པ་དེས་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་86.8ཟིན་པར་སྐུལ་ཁྲིད་ཐུབ་ཡོད། ཚོང་དོན་པུས་གཙོ་གནད་ཐོག་ལྟ་ཞིབ་ཚད་ལེན་བྱས་པའི་རྐང་ཐང་ཁྲོམ་གཞུང(ཚོང་སྐོར)78ཀྱི་འགྲུལ་རྒྱུན་དང་ཚོང་གཉེར་ཡོང་འབབ་དུས་མཚུངས་ལས་2.5%དང་4.7%སོ་སོར་འཕར་ཡོད་པ་རེད།