འཚོལ་བཤེར།   
藏文频道
2026ལོའི་ཟླ་10ཚེས་9ཉིན།

ཁྲུང་ཆིང་གི་ཏ་པ་ཧྲན་རི་བོ་དང་། ཏ་ལོའུ་ཧྲན་རི་བོ། ཝུའུ་ལིང་ཧྲན་རི་བོ་བཅས་ཀྱི་རྒྱང་སྐྱོད་གནས་རྙིང་དུ་བསྐྱོད་པ།

༄༅།།གསར་བརྗེའི་ཡུལ་ལུང་རྣམ་པ་གསར་པས་བརྒྱན།

འདི་ག་ཚགས་པར་གྱི་གསར་འགོད་པ། ཅང་ཧྥུང་།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 10ཚེས་09ཉིན། 09:28】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ནི་ཁྲུང་ཆིང་ཤིའུ་ཧྲན་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་རྫོང་ཡུང་ཏུང་གྲོང་རྡལ་ཧོ་པཱ་གྲོང་ཚོའི་སྐས་ཞིང་ལ་ལོ་ལེགས་ཡོང་རེ་ཡོད་པ།

འདི་ནི་ཁྲུང་ཆིང་ཤིའུ་ཧྲན་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་རྫོང་ཡུང་ཏུང་གྲོང་རྡལ་ཧོ་པཱ་གྲོང་ཚོའི་སྐས་ཞིང་ལ་ལོ་ལེགས་ཡོང་རེ་ཡོད་པ།

ཁྲུང་ཆིང་གི་ཏ་ལོའུ་ཧྲན་རི་བོ་མཐོ་ཡང་འགྲོ་ལམ་ཤར་གཏོང་ཐུབ་ཡོད།

ཀུའེ་ཀྲོའུ་ནས་ཁྲུང་ཆིང་དུ་རྒྱུག་པའི་དབྱང་ཏུའུ་ཧོ་གཙང་པོའི་ཐོག་ཧྥུང་ཡུས་ལང་ཆའོ་ཟམ་པ་ད་བར་དུ་འགྱིང་ངེར་གནས་ཤིང་། ལོ་91གི་གོང་དམར་དམག་ཅུན་ཐོན་དང་པོའི་དཔོན་དམག་ཚོ་ཟམ་པ་དེ་བརྒྱུད་ནས་ཀུའེ་ཀྲོའུ་ཙུན་དབྱི་གྲོང་ཁྱེར་སུང་ཁན་གྲོང་རྡལ་ནས་ཁྲུང་ཆིང་དབྱི་ཅང་ཆུས་ཧྲི་ཧའོ་གྲོང་རྡལ་དུ་གཡུལ་འགྱེད་ལ་བསྐྱོད། སྐབས་དེར་དམར་དམག་ཅུན་ཐོན་དང་པོའི་སི་ལིང་པུའི་སློབ་གསོ་ཁོའོ་ཡི་ཁོའོ་ཀྲང་གི་འགན་འཁུར་བཞིན་པའི་ཕེང་ཧྲའོ་ཧུའེ་ཡི་ཉིན་ཐོའི་ནང“ཆུ་ཚོད་བརྒྱད་པར་རྡོག་ཐོན་བྱས། ཉིན་གང་རི་ལམ་དུ་བསྐྱོད་དགོས་པས་རྐང་པ་འདྲེད་དེ་འགྲོ་ཧ་ཅང་ཁག་པོ་འདུག ལམ་ཐག་སྤྱི་ལེ་ལྔ་བཅུ་ང་ལྔ་ཙམ་བསྐྱོད་པ་ཡིན”ཞེས་འཁོད་ཡོད། ད་ཆ་ལམ་དུམ་བུ་དེར་རླངས་འཁོར་བཏང་ནས་བསྐྱོད་ཚེ་ཆུ་ཚོད་གཅིག་ལས་འགོར་གྱི་མེད།

2024ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་གནང་སྐབས། “ཁྲུང་ཆིང་དུ་གྲོང་ཁྱེར་ཆེ་མོ་དང་། གྲོང་གསེབ་ཆེ་མོ། རི་ཁུལ་ཆེ་མོ། ཆུ་མཛོད་ཆེ་མོ་བཅས་གཞི་གཅིག་ཏུ་འདུས་པས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས”ཞེས་དང“རི་ལ་བརྟེན་ནས་སྐྱེ་ཁམས་ཁྱད་ལྡན་གྱི་ཞིང་ལས་འཕེལ་རྒྱས་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

ཐོག་མའི་བསམ་འདུན་བྲག་ལྟར་བརྟན། མངགས་བཅོལ་ཟབ་མོ་བློ་ལ་འཆང་། ཁྲུང་ཆིང་གིས་ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་ནས་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་དང་ཡུལ་བབ་དང་བསྟུན་ནས་ལྗང་མདོག་ཐོན་ལས་འཕེལ་རྒྱས་བཏང་ཡོད།

ཏ་ལོའུ་ཧྲན་རི་བོའི་ཧྲི་ཧའོ་གྲོང་རྡལ་ཧྲི་ཆོན་གྲོང་ཚོའི་ཞིང་ནང་དུ་ཀྲོ་མ་ཀྲུ་ཟིང་སྐྱ་དང་། ཕྱི་སྨིན་ཁམ་བུ་སེར་པོ། རི་མཐོའི་ཤིང་ཏོག་དབྱང་མེ་བཅས་ཧ་ཅང་མང་པོ་འདེབས་ཀྱི་ཡོད།

“དྲོད་ཚད་ལ་ཁྱད་པར་ཆེ་བ་དང་། མངར་བ། ཁ་ལ་ཞིམ་པ། བྲིན་ཁ་རྒྱུག་པ”བཅས་ཡོད་ཅེས་གྲོང་སྡོད་ཧྲུའུ་ཅི་དང་པོ་རེན་ཆི་ཁྲའོ་ཡིས་ཀྲོ་མ་ཀྲུའི་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་གི་ཀྲོ་མ་ཀྲུ་བྲིན་སྐུལ་བྱེད་འགོ་ཚུགས་པ་དང་ཁོང་གིས“ཉིན་བཅུ་ལྷག་ཙམ་སོང་རྗེས་ཀྲོ་མ་ཀྲུ་སྨིན་ནས་ཁྲོམ་རར་འདོན་རྒྱུ་ཡིན་པས་གུང་གསེང་རིང་པོའི་ཡུལ་སྐོར་དང་ཏག་ཏག་འཁེལ་གྱི་ཡོད”ཅེས་བཤད།

གསར་འགོད་པས་ལམ་བར་དུ་འགྱུར་ལྡོག་དེ་བས་མང་བ་མིག་མཐོང་ལག་ཟིན་བྱུང་ཡོད།

ཁྲུང་ཆིང་དུ་རྒྱང་སྐྱོད་ཀྱི་གནས་རྙིང་ཚང་མ་ཐག་རིང་ལུང་ཁུག་གི་རི་གྲོང་དུ་གནས་པ་སྟེ། བྱང་ངོས་ཀྱི་ཏ་པ་ཧྲན་རི་བོའི་ཁྲེང་ཁོའུ་རྫོང་དང་། ལྷོ་ནུབ་ཀྱི་ཏ་ལོའུ་ཧྲན་རི་བོའི་ཆི་ཅང་ཆུས། ཤར་ལྷོའི་ཝུའུ་ལིང་ཧྲན་རི་བོའི་ཡིའུ་དབྱང་དང་། ཤིའུ་ཧྲན། ཆན་ཅང་གཙང་པོ། ཕེང་ཧྲུའེ། ཧྲི་ཀྲུའུ་སོགས་སུ་རེད། ཡིན་ནའང་ལྟེ་བའི་གྲོང་ཁུལ་དང་ཐག་རིང་བ་དང་བཟོ་ལས་ཀྱི་རྨང་གཞི་ཞན་པའི་ཁུལ་དུ་འཕེལ་རྒྱས་ཀྱི་དཀའ་གནད་མང་པོ་གནས་ཡོད། གྲོང་ཁུལ་རྙིང་པ་དར་རྒྱས་ཇི་ལྟར་གཏོང་དགོས་སམ།

ལྗང་མདོག་གི་རྨང་གཞི་ནི་སྔོན་ཆད་འགོག་རྐྱེན་ཡིན་ཡང་ད་ཆ་དགེ་མཚན་དུ་གྱུར་ཡོད།

ཝུའུ་ལིང་ཧྲན་རི་བོའི་ཁུལ་དུ་ཡིའུ་དབྱང་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་རྫོང་ནན་ཡའོ་ཅེ་གྲོང་རྡལ་ནི་སུའུ་ཝེ་ཨེ་ས་ཁུལ་གྱི་སྔར་ཡོད་རྣམ་པ་ཆ་ཚང་ཉར་ཚགས་བྱས་པའི་གསར་བརྗེའི་ཁུལ་རྙིང་ཞིག་རེད།

དེ་གོང་ཕྱིར་གླ་པར་འགྲོ་མཁན་ནན་ཅེ་གྲོང་ཚོའི་ཡུལ་མི་དབྱང་ཤིའུ་ཀྲེ་ཡིས་ད་ཆ་ཕ་ཡུལ་དུ་ཕྱིར་ལོག་བྱས་ནས་ལས་གཏོད་ཀྱིས་སེ་འདུས་ཚད་མཐོ་བའི་འབྲས་བཏབ་ཡོད། “སྐྱེ་ལྡན་གྱི་ཁས་ལེན་དཔང་འདོན་རག་བྱུང་། ད་ཆ་གཙོ་བོ་བརྙན་ལམ་དང་ཐད་གཏོང་བརྒྱུད་དེ་ཚོང་གི་ཡོད”ཅེས་བཤད།

རིག་ལྡན་འདེབས་གསོ་གསར་གཏོད་དང་འབྲེལ་མཐུད་ལམ་སྲོལ་བཙུགས་པས་ནན་ཡའོ་ཅེ་གྲོང་རྡལ་གྱི་ཆུ་འབྲས་ཀྱི་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་1200ལྷག་ཙམ་ཟིན་ནས་གྲོང་མི་7000ཙམ་ལ་སྒོ་རྩ་ནས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་པའི་ནང་སྤུས་ལེགས་ཀྱི་སེ་འདུས་ཚད་མཐོ་བའི་འབྲས“ཡིའུ་དབྱང་ཨང་800”ཚད་ལྡན་ཅན་གྱི་ཐད་ཚོང་མ་ལག་ནང་བཅུག་ཡོད།

“ཡིའུ་དབྱང་ཨང་800”ནི་ས་གནས་དེ་གས་བཏོད་པའི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཤིག་ཡིན་པ་དང་། ཆ་སྙོམས་ས་བབ་སྨི་800ཟིན་པའི་རི་མཐོའི་ཞིང་ལས་ཐོན་ལས་གཙོ་གཉེར་བྱེད་ཀྱི་ཡོད། མིག་སྔའི་བར། ཁེ་ལས་79ལ་དབང་ཆ་སྤྲད་པ་དང་མུའུ་ཁྲི་1.4ཡི་ཐད་ཚོང་རྟེན་གཞི་ཁས་ལེན་དཔང་འདོན་བྱས་ཏེ་སྤུས་རྟགས་ཀྱི་འཁོར་ལམ་ནང་བཅུག་ནས་གནས་ཐང་འཕར་བའི་ཕན་འབྲས་མཉམ་སྤྱོད་བྱས་ཡོད། དེ་སྔ“རི་ཁུག་ནས་ཕྱིར་སྐྱོད་འདོད་བྱེད་མཁན”དབྱང་ཤིའུ་ཀྲེ་ཡི་བརྙན་ལམ་ནང་ད་ཆ་ཕ་ཡུལ་གྱི་མཛེས་ལྗོངས་དང་ཐོན་ཁུངས་ཀྱིས་ཁེངས་ཡོད།

གསར་བརྗེའི་སྙིང་སྟོབས་གཞི་རྟེན་དུ་བྱས་ནས་འབྱུང་ཁུངས་མི་བརྗེད་ལ་མདུན་ལམ་གསལ་བར་བྱས་ཡོད།

ཏ་པ་ཧྲན་རི་བོའི་དབུས་ཁུལ་དང་གཡང་གཟར་གྲོག་རོང་བར་དུ་གནས་པའི་ཁྲེང་ཁོའུ་རྫོང་ནི་སྔོན་ཆད་ཁྲུང་ཆིང་གི་སྒྲིག་ཁོངས་ཆགས་ཟིན་པའི་རྫོང་དང་། ཆུས། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་སུའུ་ཝེ་ཨེ་སྲིད་དབང་གི་གསར་བརྗེའི་ཁུལ་རྙིང་འབའ་ཞིག་དེ་ཡིན། སྐབས་དེ་དུས་མི་འབོར་ཁྲི་5ལྷག་ཙམ་ནས་སྟོང་ཕྲག་ཁ་ཤས་གསར་བརྗེར་ཞུགས་པ་དང་སྔོན་གཤེགས་དཔའ་བོ་470ལྷག་ཙམ་རྒྱང་སྐྱོད་ཀྱི་ལམ་བར་དུ་སྐུ་གཤེགས་ཡོད།

ཁྲེང་ཁའུ་རྫོང་གི་ནགས་ཚལ་ཁྱབ་ཚད་ཁྲུང་ཆིང་གྲོང་ཁྱེར་གྱི་ཨང་དང་པོར་སླེབས་པ་དང་། ཉེ་བའི་ལོ་ཤས་རིང་མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཁྲོད་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་ནས་གསར་གཏོད་ཐེངས་དང་པོ་མང་པོ་བྱས་ཡོད།

ཁྲེང་ཁོའུ་རྫོང་ཀའོ་ཡན་གྲོང་རྡལ་ཤིང་ཀོང་གྲོང་ཚོར་གཞེས་ནིང་ནས་བཟུང་མཉམ་སྡེབ་ནགས་ས་བརྒྱུད་བཤུག་བཏང་སྟེ་ཀྲུང་ལུགས་སྨན་རྒྱུའི་ནགས་ཁྲོད་འདེབས་འཛུགས་ལས་རིགས་འཕེལ་རྒྱས་བཏང་ཞིང་། དེ་གར་རིར་སྐྱོད་སའི་ཨར་འདམ་ལམ་མེད་པས། 90ནང་སྐྱེས་ཀྱི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཧུའུ་ཞའོ་མོང་གིས་གྲོང་མི་30ལྷག་ཙམ་གྱི་སྣེ་ཁྲིད་དེ་མི་རེས་སླེ་པོའི་ནང་སྡོང་ཕྲུག་དང་ལུད་རྒྱ་མ་བཅུ་ཕྲག་ཁ་ཤས་བླུགས་ཏེ་ནམ་མ་ལངས་གོང་ནས་ས་རུབ་རུབ་བར་རི་སྟེང་དུ་འདེབས་འཛུགས་དང་། བདག་སྐྱོང་། རྩྭ་ངན་འཐུ་བ་བཅས་ལ་གཞོལ་ཡོད།

ད་ཆ་གྲོང་ཚོ་ཡོངས་ཀྱི་ཀྲུང་ལུགས་སྨན་རྩྭ་འདེབས་ཁྱོན་མུའུ་1700ལྷག་ཙམ་ཟིན་ནས་སྔོན་དཔག་བྱས་ན་མུའུ་རེའི་ཐོན་འབབ་ཡག་པོ་ཡོང་རྒྱུ་རེད། ལམ་ཤར་གཏོང་ཐུབ་མོད། འོན་ཀྱང་གྲོང་ཚོའི་ལས་བྱེད་པ་དང་ཡུལ་མི་ཚོས“ཐོན་ལས་དག་སྒལ་པར་འཁུར་ནས་རིར་དབོར་བ་ཞིག་ཡིན་པས་ལས་གཏོད་ཀྱི་ཐོག་མའི་བསམ་འདུན་བརྗེད་མི་རུང”ཞེས་ཡང་ཡང་བརྗོད་ཀྱི་ཡོད།

རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་འདི་ཉིད་གསར་བརྗེའི་ཁུལ་རྙིང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་བསམ་པའི་འབྱུང་ཁུངས་སུ་འགྱུར་བཞིན་ཡོད།

ཞིང་ལས་ལ་ལོ་ལེགས་ཀྱི་འབྲས་བཟང་བྱུང་བ་ཙམ་མ་ཟད་མཐུན་རྐྱེན་སྦྱོར་བ་དང་མཉམ་འདྲེས་ལ་དེ་བས་ཀྱང་གྲུབ་འབྲས་བཟང་པོ་ཐོབ་ཡོད།

དམར་དམག་ཅུན་ཐོན་གཉིས་པ་དང་དྲུག་པའི་ཆན་ཤར་ཐད་གཏོགས་ཧྲི་ཤོག་ཁྲོན་ཧོ་ཀའེ་དམག་འཐབ་དྲན་གསོའི་རྡོ་རིང་དེ་ཤིའུ་ཧྲན་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་རྫོང་ཡུང་ཏུང་གྲོང་རྡལ་དུ་འགྱིང་ངེར་གནས་ཤིང་། ན་ནིང་གྲོང་རྡལ་འདིར“ཁྲི་སྟོང་གཉིས”ཀྱི་ཚད་བརྒལ་བྱུང་ཡོད།

ཞིང་ལས་ཐོན་རྫས་བྲིན་ཚོང་ཡོང་འབབ་སྒོར་ཁྲི་1000ལས་བརྒལ་ཞིང་། སྣུམ་ལྡན་ཇའི་ཐོན་ལས་ནས་བརྗོད་ན་ཡུང་ཏུང་གྲོང་རྡལ་གྱིས་རི་རྒོད་ཐོག་སྣུམ་ལྡན་ཇའི་རྟེན་གཞི་4བསྐྲུན་ཡོད། རི་ཁུལ་དུ་ཆུ་དཀོན་པའི་གནད་དོན་ཇི་ལྟར་ཐག་གཅོད་བྱེད་དགོས་སམ། ས་གནས་དེ་གས་སིམ་ཆུ་གཏོང་བ་དང་། ཐིགས་ཆུ་གཏོང་བ། ཞིང་ནང་གནད་དོན་བཞིའི་ལྟ་ཞིབ་ཚད་ལེན་ས་ཚིགས་བཅས་ཟུང་དུ་འབྲེལ་བའི་མཉམ་འདུས་བདག་སྐྱོང་བྱེད་སྟངས་གསར་གཏོད་བྱས་ནས“རྒྱལ་ཁབ་ཀྱི་ཐོན་མཐོའི་སྣུམ་ལྡན་ཇ་འཕྲུལ་སྤྱོད་ཅན་དང་མགྱོགས་མྱུར་གླིང་དུ་འགྱུར་བའི་དཔེ་སྟོན་རྟེན་གཞི”བསྐྲུན་པ་རེད།

གྲོང་གསེབ་ཡུལ་སྐོར་གྱི་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་ཁྲི་1000ལས་བརྒལ་ཞིང་། ཡུང་ཏུང་གྲོང་རྡལ་དུ་ཁྲོན་ཧོ་ཀའེ་དམར་དམག་དྲན་གསོ་ཁང་བསྐྲུན་པ་དང་། ན་ནིང་གྲོང་རྡལ་དེ“སླར་ཡང་དམར་དམག་ལམ་དུ་སྐྱོད་པ”སོགས་སློབ་ཚན་མང་པོ་དབྱིངས་ཞུགས་རྣམ་པའི་ངང་བཏོན་པ། གསར་བརྗེའི་ཞིབ་སྦྱོང་དང་། ཞིང་ལས་ཡུལ་སྐོར། སྤྲོ་གསེང་ཉམས་ལེན་བཅས་ཟུང་དུ་འབྲེལ་བའི་ལས་རྣམ་གསར་པ་སྐྱེད་སྲིང་བྱས་ནས། དམངས་སྲོལ་གནས་ཚང་60ལྷག་ཙམ་བསྐྲུན་པ་དང་མི་300ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད།

དྲན་གསོའི་རྡོ་རིང་མདུན་དུ་རྒྱལ་དར་ལྷབ་ལྷུབ་གཡོ། རྒྱང་རིང་རི་བོའི་ཚོགས་རྣམས་ནགས་ཚལ་སྟུག་པོས་བཀླུབས། གསར་བརྗེའི་ཡུལ་ལུང་རྣམ་པ་གསར་པས་ཁེངས། འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་ངེས་རེད།