འཚོལ་བཤེར།   
藏文频道
2026ལོའི་ཟླ་10ཚེས་9ཉིན།

༄༅།།ལས་གནས་བརྟན་སྲུང་ཐོག་མའི་བསམ་འདུན་མངོན། དངོས་སྒྲུབ་ཁུར་ལེན་བྱས་རྗེས་གསར་པ་འཇོག

འདི་ག་ཚགས་པར་གྱི་གསར་འགོད་པས།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 10ཚེས་09ཉིན། 09:25】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

ལས་གནས་དཀྱུས་མའི་ཐོག་ཏུ་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ། རྒྱལ་སྟོན་གུང་གསེང་རིང་། གཙོ་གནད་ལས་གྲྭའི་ས་ཡུལ་དངོས་ནས་འཕྲུལ་ཆས་ཀྱི་ལྡིར་སྒྲ་གྲགས་པ་དང་དམངས་འཚོ་འགན་ལེན་རྒྱུན་མཐུད་བརྟན་པོ་བྱེད་བཞིན་ཡོད་པ་རེད། དེ་ཡང་ངལ་རྩོལ་པ་ཁྲི་སྟོང་མང་པོས་རྔུལ་ཆུར་བརྟེན་ནས་ཁྱིམ་གཞིས་སྐྲུན་པ་དང་དངོས་སྒྲུབ་ལ་བརྟེན་ནས་སླར་ཡང་བྱས་རྗེས་གསར་པ་འཇོག་བཞིན་ཡོད་པ་རེད།

གཙོ་གནད་ལས་གྲྭའི་འཐབ་ས་དང་པོར་འབད་འཐབ་བྱེད་པ།

ཟླ་10ཚེས་5ཉིན་གྱི་ཐོ་རེངས་སུ་ཀོང་ཤིས་ཆིན་ཀྲོའུ་ཡི་ཕིང་ལུའུ་མིས་བཟོས་གཙང་པོའི་གཞོན་ནུའི་བཀོད་གཏོང་ལྟེ་གནས་སུ་གློག་འོད་རབ་ཏུ་འཚེར་བཞིན་ཡོད།

བཀོད་གཏོང་གི་བརྙན་ཤེལ་ཆེན་པོའི་མདུན་དུ་ཀོང་ཤིས་ཕིང་ལུའུ་མིས་བཟོས་གཙང་པོ་འཛུགས་སྐྲུན་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཁྲེང་ཡའོ་ཧྥེ་ཡིས་ཁ་པར་ནས“གྲུ་ལམ་དང་འགག་སྒོའི་བར་མཚམས་ད་དུང་ཆུང་དུ་བཏང་ནས། གྲུ་གཟིངས་ཀྱི་བདེ་འཇགས་དང་ལས་ཕྱོད་གཉིས་ཀ་འགན་ལེན་བྱེད་དགོས”ཞེས་བཤད།

འདི་ནི་ཕིང་ལུའུ་མིས་བཟོས་གཙང་པོར་གྲུ་གཟིངས་གཏོང་འགོ་ཚུགས་རྗེས་ཀྱི་རྒྱལ་སྟོན་གུང་གསེང་དང་པོ་དེ་ཡིན་པ་དང་། ཟླ་ཕྱེད་ལྷག་ཙམ་རིང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་རིམ་བཞིན་མང་དུ་འགྲོ་བཞིན་ཡོད་པ་རེད། ཀོང་ཤིས་ཕིང་ལུའུ་མི་བཟོས་གཙང་པོ་འཛུགས་སྐྲུན་ཀུང་སིས་ལས་ཀའི་གཙོ་གནད་དེ་བཀོལ་སྤྱོད་བདག་སྐྱོང་དང་ཤར་གཏོང་འགན་ལེན་གྱི་འཐབ་ས་དང་པོར་བཞག་སྟེ། བཀོལ་སྤྱོད་བདག་སྐྱོང་དོ་དམ་ཚོགས་པའི་ཁོངས་མི་ཡོངས་ཀྱིས་ལས་གནས་བརྟན་སྲུང་བྱས་ཏེ་གྲུ་འགག་རེ་རེ་དང་གྲུ་གཟིངས་རེ་རེ་བཞིན་ལ་བཀོད་གཏོང་བྱེད་ཀྱི་ཡོད་པ་རེད། གྲུ་འགག་ལས་སྒྲོལ་བའི་ཇུས་གཞིར་བརྟག་ཞིབ་ཡང་ཡང་བྱས་པ་དང་འཕྲལ་སྡོམ་སྔོན་ཇུས་རེ་རེ་བཞིན་ལ་ཞིབ་བཤེར་བྱས་པ་མ་ཟད། ལས་རེས་བཀོད་སྒྲིག་མི་ཐོག་ཏུ་དོན་འཁྱོལ་བྱས་ཡོད། “གྲུ་གཟིངས་གཏོང་འགོ་ཚུགས་པ་ནི་འགོ་འཛུགས་ས་གསར་པ་ཞིག་ཡིན་པ་ལས་མཇུག་བསྡུ་བ་ཞིག་མིན”ཞེས་ཁྲེང་ཡའོ་ཧྥེ་ཡིས་བཤད།

རྒྱལ་སྟོན་གུང་གསེང་རིང་། བོད་ལྗོངས་ཧྭ་གློག་འཕྱོངས་རྒྱས་རླུང་གློག་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་འཛུགས་སྐྲུན་པ་200ལྷག་ཙམ་གྱིས་དུས་ཚོད་དམ་འཛིན་བྱས་ནས་ཨར་ལས་བྱེད་བཞིན་ཡོད་པ་རེད། རླུང་གློག་རྣམ་གྲངས་སྐྲུན་ཡུལ་གྱི་ས་བབ་མཐོ་ཤོས་སུ་སྨི་5350ཟིན་པ་དང་ཁྱོན་གློག་འདོན་ཚད་ཀྲའོ་ཝ་150ཟིན་གྱི་ཡོད་པ་རེད།

ས་མཐོར་ཨར་ལས་བྱེད་པ་ནི་ལས་སླ་པོ་ཞིག་གཏན་ནས་མིན། རླུང་འཁོར་ལ་སྒྲོ་གཤོག་བསྒར་སྐབས་རླུང་གི་མྱུར་ཚད་སྐར་ཆ་རེར་སྨི་10མན་དགོས་མོད། འོན་ཀྱང་ཟླ་10པར་སླེབས་རྗེས། རི་མགོར་ལྷགས་པ་ཆེན་པོ་རྒྱག་སྐབས་མྱུར་ཚད་སྐར་ཆ་རེར་སྨི་30ལས་བརྒལ་གྱི་ཡོད་པས་སྒྲོ་གཤོག་བསྒར་བའི་གོ་སྐབས་ཕྲན་ཙམ་ལས་མེད། མིག་སྔར་རླུང་འཁོར་24ཡོད་པའི་ནང་ནས་རླུང་འཁོར་23ལ་སྒྲོ་གཤོག་བསྒར་ཟིན་ཡོད་པ་རེད།

“ཚང་མས་ངར་ཤུགས་བསྒྲིམས་ནས་གངས་འབབ་པ་དང་ལྷགས་པ་ཆེན་པོ་རྒྱག་པའི་གནམ་གཤིས་མ་བསྟན་གོང་གི་ཨར་ལས་དུས་སྐབས་ཡག་པོ་འདི་དམ་འཛིན་བྱས་ཏེ་རྣམ་གྲངས་དུས་བཀག་ལྟར་སྤྱོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད”ཅེས་ཧྭ་གློག་རྣམ་གྲངས་ཀྱི་ཅིང་ལི་ཝང་ཧྲི་ཁུའེ་ཡིས་བཤད།

དམངས་ལ་ཞབས་འདེགས་ཞུ་བ་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་སྐྱིད་སྲུང་བ།

ཉིན་ཤས་བསྟུད་མར་ཕ་སྨིར་ས་མཐོར་གྲང་རླུང་འུར་འུར་དུ་ལྡང་ནས་དྲོད་ཚད་གློ་བུར་དུ་ཆག་ཡོད། རྒྱལ་སྟོན་གུང་གསེང་རིང་། མེས་རྒྱལ་ནུབ་རྒྱུད་མཐའ་མཚམས་སུ་བཅའ་སྡོད་ཤིན་ཅང་དམག་ཁུལ་ཁང་གི་མཐའ་སྲུང་ཐོན་མའེ་ཏན་མཐའ་སྲུང་ལེན་ཤོག་ཅིག་གི་དཔོན་དམག་6གིས་རྡོག་ཆས་ལེགས་པར་བརྒྱབ་རྗེས་ས་བབ་སྨི་4000ལྷག་ཙམ་ཟིན་པའི་ས་ཆར་དྲག་ཆས་སྤྲས་ནས་སྐོར་གཡེང་བྱེད་པར་བསྐྱོད་པ་རེད། ད་ཐེངས་སྐོར་གཡེང་བྱེད་རིང་ཕར་ཚུར་ལམ་ཐག་སྤྱི་ལེ་50ལྷག་ཙམ་འགྲོ་དགོས་པ་དང་གངས་རི་གསུམ་བརྒལ་དགོས་པ་མ་ཟད་ལམ་བར་དུ་རི་ལམ་ཀྱག་ཀྱོག་གི་ལམ་མདོ་11བརྒྱུད་དགོས་ཀྱི་ཡོད།

“མེས་རྒྱལ་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་བྱུང་བར་ང་རང་སྤོབས་སེམས་ཚད་མེད་སྐྱེ་གི་འདུག”ཅེས་དམག་མི་དཀྱུས་མ་ཤེ་ཁང་ཝུའེ་ཡིས་བཤད།

རྒྱལ་སྟོན་གུང་གསེང་རིང་། ནང་སོག་ཧུའུ་ལུན་པེར་གྲོང་ཁྱེར་ཨེར་ཀུའུ་ནཱ་གཙང་པོའི་ངོགས་སུ་སྟོན་གྱི་ཉམས་སྣང་ཟབ་མོས་ཕྱུག་ཅིང་། ཟླ་10ཚེས་5ཉིན་གྱི་སྔ་དྲོར་ཧུའུ་ལུན་པེར་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཧྲེ་ཝུད་མཐའ་མཚམས་མངགས་གཏོང་ཁང་གི་ལས་རེས་མི་དམངས་ཉེན་རྟོག་པས་ཕྱོགས་གཅིག་ནས་ཡུལ་སྐོར་བར་མཐའ་མཚམས་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་ཤོག་ལྷེ་སྤྲོད་པ་དང་། ཕྱོགས་གཞན་ཞིག་ནས་ཚང་མར་ཉེན་བརྡའི་མཚོན་རྟགས་ལ་དོ་སྣང་དང་མཐའ་མཚམས་དོ་དམ་གྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་པའི་དྲན་སྐུལ་བྱེད་བཞིན་ཡོད་པ་རེད། སྟོན་རླུང་ལྡང་བ་དང་བསྟུན་ནས་ཉེན་རྟོག་པའི་གྱོན་ཆས་སྔོ་ནག་དེ་གསེར་མདོག་ཅན་གྱི་ལྗོན་གསེབ་ཏུ་མངོན་གསལ་ལྷག་པར་དོད།

“དུས་ཆེན་དང་ངལ་གསོའི་རིང་། ང་ཚོས་དེ་བས་ཀྱང་ལྷོད་གཡེང་གཏོང་མི་རུང”ཞེས་ཧྲེ་ཝུད་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་དབྱིན་ཧའེ་ཕུང་གིས་བརྗོད་པ་དང་། ཁོང་གིས། ཏ་ཤིང་ཨན་ལིང་དུ་ཡུལ་སྐོར་བ་མང་བའི་དུས་ཚིགས་ཤར་བ་དང་ཏག་ཏག་སྐབས་འཁེལ་བས་མཐའ་མཚམས་ཀྱི་དོ་དམ་ཚོད་འཛིན་དང་། མཛེས་ལྗོངས་ཁུལ་གྱི་བདེ་སྲུང་། དམངས་ཕན་ཞབས་ཞུ་སོགས་ལས་འགན་མང་པོ་མཉམ་དུ་འཁུར་དགོས། དེར་བརྟེན། མངགས་གཏོང་ཁང་གིས་ཞབས་འདེགས་ཞུ་སྟངས་ལེགས་སྒྲིག་བྱས་ཏེ“ཚོགས་ཆུང་གིས་སྐོར་གཡེང་བྱེད་རེས་དང་གནས་གཏན་འཁེལ་དུ་བཅའ་སྲུང”བྱས་ནས་མཐའ་མཚམས་བདེ་འཇགས་ཀྱི་མཐའ་ཚད་ནུས་ཤུགས་ཡོད་རྒུས་བརྟན་པོར་སྲུང་གི་ཡོད་ཅེས་བཤད།

མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་ལ་ཁྲོམ་ར་གོ་རིམ་ལྡན་པ།

ཟླ་10ཚེས་5ཉིན། ཧྲན་ཤིས་ཏ་ཐུང་དུ་ཅིན་ནེང་མ་རྐང་ཚོད་འཛིན་རྡོ་སོལ་ལས་རིགས་ཚོགས་པའི་ཐུང་ཤིན་གཏེར་ཁའི་སྨི་བརྒྱའི་ཁྲོན་པའི་འོག་ནས་རྡོ་སོལ་སྔོག་པ་དང་འདྲུ་བའི་འཕྲུལ་འཁོར་གྱི་འུར་སྒྲ་བར་མ་ཆད་པར་གྲགས་པ་དང་། དབོར་འདྲེན་འཁོར་ཐག་ཡང་ཡང་འཁོར་ནས་སྔོག་མ་ཐག་པའི་རྡོ་སོལ་དབོར་འདྲེན་བྱེད་བཞིན་ཡོད།

དྲོད་གཏོང་དུས་ཚིགས་འཆར་ཉེར་ཡོད་པས་གློག་གཏོང་རྡོ་སོལ་དང་དྲོད་གཏོང་རྡོ་སོལ་མཁོ་སྤྲོད་འགན་ལེན་གྱི་ལས་འགན་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན། རྒྱལ་སྟོན་གུང་གསེང་རིང་ཕྱོགས་བསྡུས་སྔོག་འདོན་རུ་ཁག་གི་རུ་དཔོན་ཁྲི་ཡུང་ཏུང་གིས་རྡོ་སོལ་སྔོག་འདོན་ལས་ཀའི་ཐད་ཀྱི་འགག་རྩའི་ལས་རིམ་ལ་དོ་སྣང་ཆེན་པོ་བྱས་ནས་ལས་རོགས་ཚོ་དང་མཉམ་དུ་དུས་ཆེན་རིང་གི་མཁོ་སྤྲོད་འགན་ལེན་གྱི་ལས་འགན་ལྕི་པོ་ཁུར་ཡོད། ཁྲི་ཡུང་ཏུང་གིས“སྔོན་དཔག་བྱས་ན་དེ་རིང་ཉིན་གཅིག་ལ་རྡོ་སོལ་ཐེངས་7སྔོག་ཐུབ་པ་དང་། སྔོག་ཐེངས་རེར་རྡོ་སོལ་ཏུན་3500ཙམ་ཟིན་གྱི་ཡོད། དེ་རིང་གཏེར་ཁུལ་ཡོངས་ཀྱི་ཐོན་ཚད་ཏུན་ཁྲི་4ཟིན་རྒྱུ་རེད”ཅེས་ངོ་སྤྲོད་བྱས།

རྒྱལ་སྟོན་གུང་གསེང་རིང་། ནུས་རྒྱུ་མཁོ་སྤྲོད་འགན་ལེན་དང་རྒྱུན་མཐུད་འཁོར་སྐྱོད་བྱས་པ་དང་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་གི་ཚོང་ཟོག་འདང་ངེས་དང་རིན་གོང་བརྟན་པོ་ཡོད་པ་རེད།

ཟླ་10ཚེས་5ཉིན། ཧུའུ་པེ་ཝུའུ་ཧན་གྲོང་ཁྱེར་ཅང་ཧན་ཆུས་ཀྲུང་པའེ·ཁྱིམ་མཚེས་འདུ་འཛོམས་ཐང་ཅ་ཏུན་ཚོང་རར་ནམ་དུས་ཀྱི་ཚལ་སོས་པ་དང་རྒྱུན་མཁོའི་བརྒྱ་ཟོག་གིས་ཁེངས་པས། གྲོང་མི་མི་ཉུང་བ་ཞིག་གུང་གསེང་དང་བསྟུན་ནས་ཉོ་བར་སླེབས་ཡོད། རྩིས་རྒྱག་སའི་མདུན་དུ་སྦྱིན་བདག་ལི་ལིང་གིས་འགྲོ་འོང་བྱེད་མཁན་མང་ཉུང་ལ་གཞིགས་ནས་མི་སྣ་བཀོད་གཏོང་དང་རྩིས་རྒྱག་འཕྲུལ་ཆས་མང་དུ་གཏོང་ཞོར་ཁ་པར་བརྒྱབ་ནས་བྲིན་ཁ་རྒྱུག་ཤོས་ཀྱི་ཚོང་ཟོག་འཐེན་པར་བཀོད་སྒྲིག་བྱེད་བཞིན་ཡོད།

འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་ཁྱིམ་ཚང་ཁྲི་སྟོང་མང་པོ་སྐྱིད་སྣང་དོད་པོ་ཡོང་བར་བྱས་ཤིང་། ལི་ལིང་གིས“ང་ཚོས་དུས་ཆེན་རིང་གི་མཁོ་སྤྲོད་འགན་ལེན་བྱེད་སྟངས་ལག་ལེན་བསྟར་འགོ་བཙུགས་ཏེ་འབྲས་དང་། གྲོ་ཞིབ། བཟའ་སྣུམ། ཤ སྒོ་ང་། འོ་མ་སོགས་དམངས་འཚོའི་ཚོང་ཟོག་གཙོ་བོ་ཚང་མ་རྒྱུན་གཏན་ལས་ལྡབ་གསུམ་ཙམ་གྱིས་མང་བ་གྲ་སྒྲིག་བྱས་ཡོད་པ་དང་། བཟའ་བཅའ་སོས་པ་སྤྱིར་བཏང་སྔོན་ནས་མངགས་ཏེ་ཞོགས་པ་སྔ་པོ་ནས་སྐྱེལ་བར་ཡོང་གི་ཡོད་པས། སྐུ་མགྲོན་ཚོས་ཉིན་དེར་བཟའ་བཅའ་སོས་པ་ཟ་ཐུབ་ཀྱི་ཡོད”ཅེས་བཤད། གུང་གསེང་རིང་ཚོང་ར་དེས་ད་དུང་ཉོ་སྒྲུབ་ཚོང་ཟོག་ཚང་མ་སྐྱེལ་བ་དང་ཉོ་སྒྲུབ་གཟིགས་སྐྱོང་སོགས་ཀྱི་ཚོང་སྐུལ་བྱེད་སྒོ་སྤེལ་བས་ཁྲོམ་བསྐོར་ནས་བཟའ་བཏུང་བྱེད་པ་དང་དངུལ་གྲོན་ཆུང་ཐུབ་ཡོད།