འཚོལ་བཤེར།   
藏文频道
2026ལོའི་ཟླ་9ཚེས་22ཉིན།

༄༅།།མཚོ་སྔོན་དང་ཐེ་ལན་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་སྐས་རིམ་གསར་པར་སླེབས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 09ཚེས་22ཉིན། 14:33】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ཟི་ལིང་ཚའོ་ཅཱ་པའོ་གནམ་ཐང་གི་འགག་སྒོ་ལས་ཁུངས་ཀྱི་ལས་མིས་ཐེ་ལན་པང་ཁོག་ཏུ་གཏོང་ཉེར་ཡོད་པའི་ཏུན་1.8ཟིན་པའི་ཉ་ཧུང་ཙུན་ལ་ཞིབ་བཤེར་བྱས་རྗེས་དངོས་ཟོག་དེ་མ་ཉིད་དུ་ཝེ་ཐེ་ནམ་གྱི་གོང་ཁེའི་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་ཨང་VZ3691རྟགས་ཅན་གྱི་ལྟེ་བའི་ཚང་ནང་བླུགས་པ་རེད། ཆུ་ཚོད་3གྱི་རྗེས་སུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཉ་ཧུང་ཙུན་དེ་དག་པང་ཁོག་གནམ་ཐང་དུ་འབྱོར་རྒྱུ་རེད། ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར། མཚོ་སྔོན་ཞིང་ཆེན་གྱིས་ལྟེ་བའི་ཚང་ནང་དངོས་ཟོག་བླུགས་ཏེ་ཐེ་ལན་ལ་ཉ་ཧུང་ཙུན་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་12.6%འཕར་ཡོད།

ཉ་ཧུང་ཙུན་ཕུད་མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་ཐོན་རྫས་ཀྱང་ཐེ་ལན་གྱི་ཁྲོམ་རར་བྲིན་ཁ་ཧ་ཅང་རྒྱུག་ཅིང་། ཟི་ལིང་འགག་སྒོས“ཁེ་ལས་གཅིག་ལ་ཐབས་ཇུས་གཅིག”གི་གནད་སྨིན་རོགས་སྐྱོར་བྱེད་སྟངས་བརྒྱུད་ཞིབ་བཤེར་ར་སྤྲོད་དང་ཚད་ལོན་འགན་ལེན་ཟུང་དུ་འབྲེལ་བའི་ལྟ་བཤེར་བྱེད་སྟངས་ཚོད་ལྟ་བྱས་ནས། སྔ་སྣུར་རེ་ཞུ་དང་སྔོན་མངགས་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་འདོན་པའི་ཁར་དྲ་ཐོག་ནས་ལག་ཁྱེར་ལ་ཆོག་མཆན་སྤྲད་དེ་འགག་སྒྲོལ་དུས་ཚོད་ཐུང་དུ་ཤུགས་ཆེན་བཏང་ཡོད། རྒྱལ་སྤྱིའི་ལིས་གློག་རྫས་སྐྱེལ་འདྲེན་བཅའ་ཁྲིམས་དང་དེ་བཞིན་ཕྱི་རྒྱལ་གྱི་ཁྲོམ་རའི་ཞུགས་འཐུས་ཚད་གཞིའི་སྟབས་བསྟུན་རྗེས་སྙེག་བྱེད་ཟབ་ཏུ་བཏང་ནས། ལས་སྒོའི་རིགས་གཅིག་མཁས་ཅན་མངགས་ཏེ“གཅིག་གཏད་གཅིག”གིས་ཁེ་ལས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་བྱས་ཡོད། 2026ལོའི་ཟླ་དང་པོ་ནས་བརྒྱད་པའི་བར། མཚོ་སྔོན་གྱི་ལིས་གྱེས་རྡུལ་གློག་རྫས་ཐེ་ལན་དུ་ཕྱིར་གཏོང་བྱེད་པའི་ཟོག་ཐང་དུས་མཚུངས་ལས་ལྡབ་1.2འཕར་ཡོད།

ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2026ལོའི་ཟླ་དང་པོ་ནས་བརྒྱད་པའི་བར། མཚོ་སྔོན་ཞིང་ཆེན་གྱིས་ཐེ་ལན་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་ཁྲི་5774.9ཟིན་པ་དེ་དུས་མཚུངས་ལས་9.1%འཕར་ཡོད་ཅིང་། ཐེ་ལན་འདི་ཉིད་མཚོ་སྔོན་གྱི་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་གྱི་ཚོང་དོན་རོགས་ཟླ་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་པ་དང་ཕྱིར་གཏོང་ཚོང་ཟོག་ནང་ཉ་ཧུང་ཙུན་དང་གྲང་ཚལ་རིགས་སོགས་སྣ་ཁ་མང་པོ་ཚུད་ཡོད།