འཚོལ་བཤེར།   
藏文频道
2026ལོའི་ཟླ་9ཚེས་22ཉིན།

སེ་འབྲུའི་མེ་ཏོག་བཞད། རྡོག་རེའི་སེམས་པ་མཐུན།  

༄༅།།བོད་ལྗོངས་སྨར་ཁམས་སུ། རྒུན་འབྲུམ་ཤིང་གི་འོག་མི་རིགས་མཐུན་སྒྲིལ་གྱི“བདེ་སྐྱིད་ཀྱི་འབྲས་བུ”ཐོན་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 09ཚེས་22ཉིན། 14:28】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

        ཉེ་ཆར། གསར་འགོད་པ“སེ་འབྲུའི་མེ་ཏོག་བཞད། རྡོག་རེའི་སེམས་པ་མཐུན་”ཞེས་པའི་བཅར་འདྲི་ཚོགས་པ་དང་མཉམ་དུ་བོད་ལྗོངས་སྨར་ཁམས་རྫོང་འཇང་རིགས་ཤང་དུ་བསྐྱོད། གནས་དེ་ནི་བདག་དམར་གཡང་གངས་རི་ལ་རྒྱབ་བརྟེན་ཞིང་། རྫ་ཆུ་དང་ཉེ་ཞིང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2600ཡོད། རྒུན་འབྲུམ་འདེབས་འཛུགས་དང་ཆང་བསྙལ་བ་ནི་ས་གནས་དེ་གའི་སྲོལ་རྒྱུན་ཐོན་ལས་ཤིག་རེད།

    མིག་སྔར། རྒུན་འབྲུམ་འཐུ་བའི་དུས་ཚིགས་ཡིན་པས། རྒུན་འབྲུམ་ར་བའི་ནང་འབྲས་བུ་གཡུར་དུ་ཟ་ཞིང་གང་སར་ལོ་ལེགས་ཀྱི་དགའ་སྤྲོའི་རྣམ་པས་ཁེངས། བདག་དམར་གཡང་རྒུན་ཆང་ར་བའི་འགན་འཁུར་བ་ཆོས་མཚོས་ངོ་སྤྲོད་བྱས་པ་ལྟར་ན། རྒུན་ཆང་ར་བ་ནི་2009ལོར་བཙུགས་པ་དང་། བདག་དམར་གཡང་གི་གངས་ཆུ་དང་ས་མཐོའི་ལུང་གཞུང་གི་ཐུན་མོང་མ་ཡིན་པའི་ཡུལ་བབ་ཆ་རྐྱེན་ལ་བརྟེན་ནས། ཐུན་མོང་མ་ཡིན་པའི་ས་མཐོའི་རྒུན་ཆང་བསྙལ་གྱི་ཡོད། ཁོ་ཚོས་“ཁེ་ལས་དང་མཐུན་ཚོགས། རྟེན་གཞི། ཞིང་དུད”བཅས་ཀྱི་རྣམ་པར་བརྟེན་ནས་བོད་རིགས་དང་། འཇང་རིགས། རྒྱ་རིགས་སོགས་མི་རིགས་མང་པོའི་མང་ཚོགས་ཀྱིས་རྒུན་འབྲུམ་འདེབས་འཛུགས་དང་། ཐག་ཉེ་སར་ཞིང་ལས་གཉེར་བར་སྐུལ་ཁྲིད་བྱས་ཏེ་ཞིང་དུད་ཀྱི་ཡོང་འབབ་དངོས་འབྲེལ་མཐོ་རུ་བཏང་བ་དང་། ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་ནུས་པ་སྤྲད་དེ་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

     ས་གནས་དེ་གའི་མང་ཚོགས་དཀོན་མཆོག་གཡང་འཛོམས་ཀྱིས་རྒུན་འབྲུམ་འཐོག་ཞོར་བོད་ཀྱི་དམངས་གཞས་སྙན་མོ་ཞིག་ངང་གིས་བླངས་སོང་། ཁོ་མོས་དགོད་ཞོར་དུ“ངའི་ཁྱིམ་འདི་ག་ནས་ཐག་ཉེ་པོ་ཡོད། འདི་གར་ལས་ཀ་བྱས་ན་དཀའ་ལས་ཁག་གི་མེད་ལ་ཡོང་འབབ་ཀྱང་ཡག་པོ་འདུག འདི་གར་ལས་ཀ་བྱེད་པར་ཡོང་ནས་ལོ་བཞི་ཕྱིན་སོང་”ཞེས་བཤད། ཁྱིམ་གྱི་སྒོ་འགྲམ་དུ་ལས་ཀ་བྱས་པ་དེས་མོ་ལ་ཡོང་འབབ་བརྟན་པོ་བྱུང་ནས་འཚོ་བ་སྔར་བས་སྐྱིད་པོ་བྱུང་དུ་བཅུག་ཡོད།

     རྒུན་འབྲུམ་རེ་རེ་ལ་ས་མཐོའི་ཐུན་མོང་མ་ཡིན་པའི་བྲོ་བ་ལྡན་པ་མ་ཟད། མི་རིགས་ཁག་གི་མང་ཚོགས་རྣམས་ཀྱིས་ཐུན་མོང་ཐོག་འབབ་འཕར་བྱུང་བའི་དགའ་སྤྲོ་ཡང་མངོན་ཡོད། གངས་རིའི་འདབས་དང་རྫ་ཆུའི་འགྲམ་དུ་རྒུན་འབྲུམ་ཐོན་ལས་ལ་བརྟེན་ནས་འབྲེལ་མཐུད་ཟམ་པ་འཛུགས་པ་དང་། མི་རིགས་ཁག་གི་མང་ཚོགས་ཕན་ཚུན་གཅིག་ལ་གཅིག་རྟེན་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་མདུན་སྐྱོད་ལམ་བུ་གོམ་པ་རེ་རེ་བཞིན་རྒྱ་ཆེར་གཏོང་བཞིན་མཆིས།