གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 09ཚེས་08ཉིན། 10:18】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། བོད་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས་ཁ་གཏད་བོད་སྐྱོར་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་བ་དང་། བཟོ་ཚོགས་ཀྱི་འགན་ནུས་བཞིར་གཞི་ཚུགས་པ། མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རོགས་སྐྱོར་བྱེད་སྟངས་གསར་གཏོད་བྱེད་པ། གཞི་རིམ་གྱི་འཐབ་ས་བརྟན་དུ་གཏོང་བ། ཤེས་ལྡན་པའི་སྤེལ་རེས་ཟབ་ཏུ་གཏོང་བ། བཟོ་ཚོགས་ཀྱི་བོད་སྐྱོར་དངོས་ཕན་དེ་ལས་བཟོ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དངོས་སྒྲུབ་བྱ་ཐབས་སུ་ཏན་ཏིག་འགྱུར་བ་བཅས་བྱས་ནས་མི་རིགས་ཁག་གི་ལས་བཟོ་དང་མང་ཚོགས་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་ཡོད།
མཉམ་ལས་ལམ་སྲོལ་ཐད་མཁོ་སྤྲོད་གནད་སྨིན་སྦྲེལ་མཐུད་བྱས་ཏེ་གཞི་རིམ་གྱི་དགོས་མཁོ་དང་ལས་བཟོའི་རེ་སྒུག་ལ་ལན་བཏབ་ཅིང་། “བོད་ཀྱི་དགོས་མཁོའི་གསལ་ཐོ”དང“བོད་སྐྱོར་ཐོན་ཁུངས་གསལ་ཐོ”གཉིས་སྦྲེལ་མཐུད་ལམ་སྲོལ་བཙུགས་ནས་གཡུལ་སའི་འཛུགས་སྐྲུན་དང་། ནུས་པ་མཐོར་གཏོང་། འཚོ་བའི་སྤུས་ཚད་ལེགས་གཏོང་སོགས་ཀྱི་ཐད་རྣམ་གྲངས་གནད་སྨིན་ཇུས་འགོད་བྱས་པ་རེད།
རོགས་སྐྱོར་བྱེད་སྟངས་ཐད་བོད་སྐྱོར་རྣམ་གྲངས་ཀྱི་ཐོན་ཁུངས་གང་ལེགས་སྤྱད་དེ་བཟོ་ཚོགས་དང་། ཁེ་ལས། མཉམ་ལས་ཁང་བཅས་ཟུང་དུ་འབྲེལ་བའི་མཉམ་འགུལ་རོགས་སྐྱོར་བྱེད་སྟངས་འཚོལ་ཞིབ་བྱས་ནས་ནང་སྐྱེས་ཀྱི་འཕེལ་རྒྱས་སྒུལ་ནུས་འཕེལ་བར་བྱས་ཡོད།
གཞི་རིམ་གྱི་འཐབ་ས་བརྟན་དུ་གཏོང་བའི་ཐད་ཐོན་ཁུངས་གཤམ་སྤྲོད་དང་གཙོ་གནད་གཤམ་སྒྱུར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བོད་སྐྱོར་ཐོན་ཁུངས་ཀྱི་གཙོ་གནད་དེ་ས་བབ་མཐོ་བའི་ས་ཁུལ་དང་། མཐའ་མཚམས་ཀྱི་འཐབ་ས་དང་པོ། གཞི་རིམ་ཤང་གྲོང་བཅས་ལ་ཕྱོགས་ནས་གཞི་རིམ་བཟོ་ཚོགས་ཀྱི་ཞབས་ཞུའི་ཞན་ཆ་མུ་མཐུད་བསལ་ཡོད།
ཤེས་ལྡན་པའི་སྤེལ་རེས་ཐད“གདན་ཞུ་དང་ཕྱིར་སྐྱོད་པའི”ཕྱོགས་གཉིས་པོའི་སྤེལ་རེས་བྱེད་སྟངས་ཟབ་ཏུ་བཏང་ཞིང་། ལས་བྱེད་ལས་བཟོའི་ཕྱོགས་གཉིས་སློབ་སྦྱོང་རྟོག་ཞིབ་དང་། ངལ་རྩོལ་དཔེ་བཟང་དང་བཟོ་བོའི་སྒྲོག་འགྲེལ། རིག་གནས་མཐུན་འབྲེལ་སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ངལ་རྩོལ་དཔེ་བཟང་དང་ལག་རྩལ་འཇོན་ཐང་ཅན་བོད་དུ་གདན་དྲངས་ནས་ལག་རྩལ་མཛུབ་ཁྲིད་དང་ཆ་སྒྲིག་མཉམ་སྐྲུན་བྱས་ཏེ། བོད་ཀྱི་གཞི་རིམ་བཟོ་ཚོགས་ཀྱི་ལས་བྱེད་པ་དང་འཐབ་ས་དང་པོའི་ལས་བཟོ་མི་ཐེངས་2000ཙམ་ལྗོངས་ཕྱིར་གསོ་སྦྱོང་སྤེལ་རེས་བྱེད་པར་བཏང་ཡོད།