བཟའ་བཏུང་ལས་རིགས་ཀྱི་དང་བླངས་པ་ཝུའུ་ཡན་ཧྥང་གིས་བརྗོད་དོན།
འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲེན་ཐུང་རུའེ།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 09ཚེས་08ཉིན། 10:17】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
རོགས་སྐྱོབ་མི་སྣ་བང་བསྒྲིགས་ཏེ་ལྟོ་ཆས་ལེན་སྐབས་གསར་འགོད་པར་གནད་དོན་ཞིག་བསམ་བློ་འཁོར་བ་སྟེ། ཕོར་ཟས་མང་པོ་དེ་འདྲ་གང་ནས་བྱུང་བ་ཡིན་ནམ་ཞེས་པ་དེ་རེད།
ཡུལ་དེའི་ལས་བྱེད་པ་ཞིག་གིས་ཁག་གཅིག་བཟའ་བཏུང་ལས་རིགས་ཀྱི་དང་བླངས་པས་བསྐྱལ་ཡོད་ཅེས་བཤད།
ཡུན་རིང་མ་འགོར་བར་གསར་འགོད་པས་ཁོང་ཚོའི་ཁྲོད་ཀྱི་མི་ཞིག་རྙེད།
“བུ་རྒྱགས་རིལ། མགྱོགས་ཙམ་ལྟོ་སྣོད་འཁྱེར་ཤོག”
ཝུའུ་ཡན་ཧྥང་ནི་སི་ཁྲོན་ཆུང་ལའེ་ཡི་བུད་མེད་ཅིག་ཡིན་པ་དང་སྐྱིད་གྲོང་གྲོང་རྡལ་དུ་རྒྱ་ཁོག་ཟ་ཁང་ཞིག་བཙུགས་ཡོད། ཟ་ཁང་དུ་འཛུལ་མ་ཐག་སུར་པན་ཤ་བརྔོས་ཀྱི་དྲི་ཞིམ་འཐུལ་འོང་བ་དང་ཐབ་ཚང་ནས་ལྟོ་ཆས་བཟོ་བའི་སྒྲ་ཐོས།
ཝུའུ་ཡན་ཧྥང་གིས“དེ་རིང་ཕྱི་ཙམ་བྱས་སོང་། རྣམ་ཀུན་ཆུ་ཚོད་10དང་སྐར་མ་40ཙམ་ལ་ཁོང་ཚོ་ལྟོ་ཆས་ལེན་པར་སྐད་གཏོང་གི་ཡོད”ཅེས་བཤད་པ་དང“ཁོང་ཚོ”ཞེས་པ་ནི་འཐབ་ཕྱོགས་དང་པོའི་རོགས་སྐྱོབ་པ་རེད།
ཟླ་8ཚེས་26ཉིན་གནོད་འཚེ་ཐོན་རྗེས། ཝུའུ་ཡན་ཧྥང་གིས་བརྙན་འཕྲིན་ནང་ནས་ས་ཡུལ་དངོས་ཀྱི་ཡ་ང་བའི་རྣམ་པ་མཐོང་བ་དང་འཐབ་ཕྱོགས་དང་པོའི་རོགས་སྐྱོབ་པས་དཀའ་ཚེགས་ཆེན་པོས་འབད་འཐབ་བྱེད་པ་ཤེས་སྐབས་དེ་མུར“ཁོང་ཚོར་ཕན་པ་སྒྲུབ་འདོད”ཀྱི་བསམ་བློ་འཁོར། དེ་རྗེས་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག་ཁོང་དང་བླངས་པ་ཞིག་ཏུ་གྱུར།
ཉིན་ལྟར་ཞོགས་པའི་ཆུ་ཚོད་དྲུག་པའི་གོང་ནས་ཞོགས་ཟས་བཟོས་རྗེས་བསྡུ་གསོག་བརྒྱབ་ནས་ངལ་ཕྲན་བུ་གསོ་བ་དང་། དེ་ནས་མུ་མཐུད་ཚལ་འཁྲུ་བ་དང་བཏུབས་པ་སོགས་བྱས་ཏེ་ཆུ་ཚོད་9པར་ལྟོ་ཆས་བཟོ་འགོ་ཚུགས་ནས་ཆུ་ཚོད་11ཙམ་ལ་རུ་མི་ཚོ་ལྟོ་ཆས་བཟའ་བར་སྐད་གཏོང་གི་ཡོད།
ཞོགས་ཟས་སྤྱིར་ན་སྒོ་ང་དང་། འོ་མ། ཀྲིང་མོག བསྙལ་ཚལ་བཅས་རེད། དགུང་ཟས་དང་དགོང་ཟས་ནི་ཤ་ཡོད་ཚལ་གཉིས་དང་ཤ་མེད་ཚལ་གཅིག་ཡིན་ཞིང་། ཉིན་ལྟར་གཉིད་མ་ཉལ་གོང་ཁོང་གིས་ཉིན་གཉིས་པའི་ཚལ་གང་ཞིག་བཟོ་དགོས་མིན་ལ་བསམ་བློ་གཏོང་གི་ཡོད། ཝུའུ་ཡན་ཧྥང་གིས“འཐབ་ཕྱོགས་དང་པོར་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད་སྟབས་རྟག་ཏུ་ཚལ་མི་འདྲ་བ་བཟོ་གི་ཡོད”ཅེས་བཤད།
དེ་ལྟར་ཤོད་པའི་སྐབས་རོགས་སྐྱོབ་རུ་ཁག་གི་མི་སྣ་འོང་བ་དང་ལྟོ་ཆས་ལེན་སྐབས་བྲེལ་བ་ཆེན་པོ་ཡོད་མོད། དང་བླངས་པ་ཚོ་དང་སྐད་ཆ་ཚིག་ཁ་ཤས་ཤོད་པ་དང་ཁོང་ཚོས་ཀྱང་གྲོགས་པོ་རྙིང་པ་ལྟར་འཚེར་སྣང་བྱེད་ཀྱི་མེད།
གེགས་སེལ་ནི་རིམ་པ་སྟར་ཆགས་ཀྱི་མ་ལག་ཅིག་ཡིན་སྟབས་གདོང་མཆོང་རོགས་སྐྱོབ་པ་དགོས་ལ། སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་མཁན་གྱི་འགན་ལེན་དཔུང་ཁག་དེ་བས་ཀྱང་དགོས་ཀྱི་ཡོད། ཕོར་པ་ཆུང་ཆུང་ཞིག་ནང་གཏམ་རྒྱུད་དང་བརྩེ་བ་དུ་མ་འདུས་ཡོད།