འདི་ག་ཚགས་པར་གྱི་གསར་འགོད་པ། ལི་མོ།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 09ཚེས་07ཉིན། 10:08】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་ཆར། “བོད་ཀྱི་མཐོང་ཐོས། དུས་རབས་གསར་པ་དང་འཕེལ་རྒྱས་གསར་པ”ཞེས་པའི་གཏམ་རྒྱུད་མཉམ་སྤྱོད་ཚོགས་འདུ་ནེ་པ་ལའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་སྙན་ཞུའི་ཚོམས་ཆེན་དུ་འཚོགས་ཤིང་། ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་ནས་ཡོང་བའི་སྐུ་མགྲོན་300ལྷག་ཙམ་གྱིས་བོད་ནས་ལོག་མ་ཐག་པའི་ནེ་པ་ལའི་མི་སྣ་ཁག་གཅིག་གི་མཐོང་ཐོས་མྱོང་གསུམ་ཉན་པ་རེད།
ད་ལོའི་ཟླ་6པར། ནེ་པ་ལ་རྒྱལ་ཁབ་གསར་འགྱུར་ཨུ་ལྷན་གྱི་ཀྲུའུ་ཞི་ཟུར་པ་ཁུ་མར·ཨ་ཁྲ་ཡ་བོད་དུ་འཚམས་འདྲིར་ཡོང་བ་དང་འབྲེལ་སྐབས་གཉིས་པའི་བོད་ཀྱི་རྒྱལ་སྤྱིའི་བརྒྱུད་སྤེལ་ཚོགས་ཆེན་ལའང་ཞུགས་པ་རེད། ཁོང་གིས། འཚམས་འདྲི་བྱེད་རིང་རང་ཉིད་ནས་ཕོ་བྲང་པོ་ཏ་ལ་དང་། འབྲས་སྤུངས་དགོན། ཡུམ་བུ་བླ་མཁར་སོགས་རིག་གནས་ཀྱི་ས་ཁམས་མཚོན་རྟགས་མང་པོ་ཞིག་ལ་སྲུང་སྐྱོང་ཡག་པོ་བྱུང་བ་མཐོང་བྱུང་ལ། ས་གནས་དེ་གའི་མང་ཚོགས་ཀྱི་རིག་གནས་འཚོ་བའི་སྲོལ་རྒྱུན་ད་བར་རྒྱུན་མཐུད་ཐུབ་པའང་མཐོང་བྱུང་ཞེས་བཤད་པ་རེད། ལྷ་ས་གཙང་འགྲམ་སྤྱི་གླིང་གི་སྐྱེ་ཁམས་སླར་གསོ་དང་ནོར་བུ་གླིང་ཁའི་འཛམ་གླིང་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་ཡག་པོ་བྱུང་བ་མཐོང་རྗེས། ཁོང་ལ་རང་བྱུང་ཁོར་ཡུག་དང་མི་ཆོས་ཐོན་ཁུངས་མཐུན་སྦྱོར་བཅོས་སྐྱོང་ལས་ཕན་འབྲས་ཆེན་པོ་ཐོན་པའི་མྱོང་ཚོར་བྱུང་ཞིང་། ཁོང་གིས། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མི་རིགས་ལག་ཤེས་འཁེལ་འཐག་ཆེད་ལས་མཉམ་ལས་ཁང་གིས་སྲོལ་རྒྱུན་གྱི་ལག་རྩལ་དང་དེང་རབས་ཀྱི་ཁྲོམ་ར་སྦྲེལ་མཐུད་བྱས་ཏེ། མངོན་མིན་རིག་གནས་ཤུལ་བཞག་དེ་འགུལ་མེད་རྣམ་པའི་སྲུང་སྐྱོང་ནས་གསོན་ཤུགས་རྒྱས་པའི་རྒྱུན་འཛིན་བར་དུ་འཕེལ་རྒྱས་ཡོང་བར་བྱས་པ་དང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཀྲའོ་ཝ་200ཡི་འབྲོག་ལས་དང་འོད་ཤུགས་གསབ་རེས་ཀྱི་འོད་ཤུགས་གློག་གཏོང་རྣམ་གྲངས་ཀྱིས་ཉི་འོད་ནུས་པའི་གློག་གཏོང་དང་ས་མཐོའི་འབྲོག་ལས་གཉིས་ཟུང་འབྲེལ་བྱས་ཏེ། ས་བབ་མཐོ་བའི་ས་ཁུལ་གྱི་ཐོན་ལས་རིམ་སྤོར་ཐད་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་པ། བོད་ཀྱི་འདས་ཟིན་པའི་ལོ་ཟླ་དང་དེང་རབས་དང་། རིག་གནས་དང་རང་བྱུང་། སྲོལ་རྒྱུན་ཐོན་ལས་དང་ཚན་རྩལ་གསར་གཏོད་བཅས་དབར་ཕན་ཚུན་འདེགས་སྐྱོར་དང་ཕན་ཚུན་གྲུབ་འབྲས་ཐོབ་པར་བྱས་པ། དེ་བཞིན་བོད་ཀྱིས་ས་གནས་དེ་གའི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་བཏོད་འདུག་ཅེས་བཤད་པ་རེད།
ནེ་པ་ལའི་ཐེ་ལི་པུའུ་ཝུན་སློབ་ཆེན་གྱི་གསར་འགྱུར་ཚན་ཁག་གི་ཀྲུའུ་རེན་ཁུན་ཏན·ཨ་ཡར་བོད་དུ་འཚམས་འདྲིར་ཐེངས་མང་ཡོང་མྱོང་ཞིང་། ཁོང་གིས། “ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱེད་པར་ཡོང་རིམ་བཞིན་བྱ་དངོས་གསར་པར་ཤེས་རྟོགས་ཡོང་གི་འདུག སྟག་རྩེའི་གཡུ་སྨན་སྤོས་ཀྱི་རིག་གནས་ཐོན་ལས་གླིང་ནས་དེང་རབས་དོ་དམ་ལག་རྩལ་ལ་བརྟེན་པས་སྲོལ་རྒྱུན་གྱི་སྤོས་བཟོའི་ཕན་འབྲས་ཇེ་ཆེར་སོང་བ་མཐོང་བྱུང་ལ། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་ཆོས་རྟེན་སྡེ་ཁུལ་དུ་ས་མཐོའི་གྲོང་གསེབ་ཀྱིས་སྒོ་དབྱེའི་རྣམ་པར་བརྟེན་ནས་ནུས་རྒྱུ་གཙང་མ་དང་ཚན་རྩལ་གསར་གཏོད་བྱེད་པའང་མཐོང་བྱུང་། མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་ནས་དེང་རབས་ཁེ་ལས་ཀྱི་བར་དང་སྲོལ་རྒྱུན་སྡེ་ཁུལ་ནས་ཐོན་ལས་གླིང་ཁུལ་བར། བོད་ཀྱིས་རིག་གནས་ཀྱི་རྩ་བ་བརྟན་སྲུང་བྱེད་པ་དང་ཆབས་ཅིག འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་སྒོ་མོ་ཕྱེ་ནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བཞིན་པ་ཚོར་བྱུང”ཞེས་བཤད།
མཉམ་སྤྱོད་ཚོགས་འདུ་དེ་ཀྲུང་གོ་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་དང་། ནེ་པ་ལའི་ཐེ་ལི་པུའུ་ཝུན་སློབ་ཆེན། ནེ་པ་ལ་རྒྱལ་ཁབ་འགྲོ་བ་མིའི་ཐོབ་ཐང་ཨུ་ལྷན་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད།“མཉམ་སྤྱོད་ཚོགས་འདུ་དེ་ནི་ནེ་པ་ལའི་དམངས་ཚོགས་ཀྱི་ངོས་ནས་བརྗོད་ན། ཀྲུང་གོའི་བོད་ལྗོངས་ཀྱི་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་མ་ཤེས་རྟོགས་ཐུབ་པར་ཕན་ཐོགས་ཆེན་པོ་ཡོད། བོད་ཀྱི་མང་ཚོགས་བདེ་སྡོད་ལས་བརྩོན་བྱུང་བ་དང་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་གང་ལེགས་བྱུང་ཡོད”ས་གནས་དེ་གའི་གྲོང་མི་ཕན་ཐེ་ཡིས་གསར་འགོད་པར། གཏམ་རྒྱུད་ཉན་རྗེས་མི་དམངས་ལ་ཐོབ་པའི་བདེ་སྐྱིད་ནི་འགྲོ་བ་མིའི་ཐོབ་ཐང་ལ་ཚད་འཇལ་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཡིན་པ་ཤེས་རྟོགས་བྱུང་ཞེས་བཤད། ནེ་པ་ལ་L.R.Iརྒྱལ་སྤྱིའི་སློབ་གྲྭ་ནས་ཡོང་བའི་སློབ་མ་སུའུ་ནུའུ་ཝར་གྱིས། གཏམ་གླེང་པས་བརྗོད་པའི་བོད་ཀྱི་མཐོང་ཐོས་དང་མྱོང་བ་ཉན་རྗེས་རང་ཉིད་ཀྱང་ངོ་མཚར་ཆེ་བའི་བོད་ལྗོངས་ཀྱི་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བའི་གསོན་ཤུགས་ཉམས་སུ་མྱོང་བར་འགྲོ་འདོད་ཆེན་པོ་བྱུང་ཞེས་བཤད།