གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 09ཚེས་03ཉིན། 15:34】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
གསར་འགོད་པས་ཟླ་9ཚེས་2ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་བསྡུས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། སྐྱིད་གྲོང་གི་ “8·26” འདམ་རུད་གནོད་འཚེ་བྱུང་རྗེས། བོད་ལྗོངས་སྨན་བཅོས་སྐྱོབ་གསོ་ཚོགས་པས་སེམས་ཁམས་རོགས་སྐྱོར་དེ་ཉེན་སྐྱོབ་གནོད་སེལ་གྱི་འགག་རྩའི་ཆ་ཤས་སུ་བརྩིས་ཡོད། དེ་རིང་ནས་བཟུང་། ལྗོངས་ཡོངས་ཀྱི་ 12356 སེམས་ཁམས་རོགས་སྐྱོར་ཁ་པར་ཡོངས་བསྒྲགས་བྱས་ཤིང་། གནོད་ཐེབས་མང་ཚོགས་དང་། ཉེན་སྐྱོབ་མི་སྣ། ནང་མི་བཅས་ལ་ཆེད་ལས་དང་རྒྱུན་མཐུད་ཀྱི་སེམས་ཁམས་རྒྱབ་སྐྱོར་བྱ་རྒྱུ་ཡིན།
གནོད་འཚེའི་རྗེས་ཀྱི་སེམས་ཁམས་འགྱུར་ལྡོག་ལ་དམིགས་ཏེ། རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་ 4 ལྡན་པའི་སེམས་ཁམས་རོགས་སྐྱོར་མ་ལག་དང་ཐག་རིང་བློ་འདྲིའི་ལམ་སྲོལ་བཙུགས་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་སྤུན་གྲོགས་ཞིང་ཆེན་གྲོང་ཁྱེར་ཁག་གི་རྒྱབ་སྐྱོར་འོག་སེམས་ཁམས་རོགས་སྐྱོར་མཁས་པ་ 210 ལྷག་ཙམ་གྱིས་སྐོར་ཐེངས་ 3 བྱས་ཏེ་དུས་ཐོག་ཏུ་འཐབ་ས་དང་པོར་བསྐྱོད་བཞིན་ཡོད། དེ་དང་ཆབས་ཅིག ས་གནས་ཀྱི་བོད་ལུགས་སྨན་པའི་ཆེད་ལས་ལེགས་ཆ་འདོན་སྤེལ་བྱས་པ་དང་། ཕྱི་རྒྱལ་གྱི་སྐད་ཡིག་ཐོག་ནས་འབྲེལ་གཏུག་བྱེད་ཐུབ་པའི་སེམས་ཁམས་བློ་འདྲིའི་མི་སྣ་བཀོད་སྒྲིག་བྱས་ཏེ་ཕྱི་རྒྱལ་གྱི་བོར་བརླག་སོང་བའི་མི་སྣའི་ནང་མི་ཚོར་ཆེད་དམིགས་ཞབས་ཞུ་སྒྲུབ་བཞིན་ཡོད།
གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱེད་སར་གནས་རེ་ལ་སྨན་བཅོས་མི་སྣ་ཉུང་མཐར་ 4 རེ་བཀོད་སྒྲིག་བྱས་ཏེ་ “སྨན་བཅོས་མི་སྣ་དང་། ནད་ཡམས་སྔོན་འགོག་མི་སྣ། ནད་བརྟག་ཞབས་ཞུ། སྨན་རྫས་འགན་ལེན། སེམས་ཁམས་ཐུགས་ཁུར་” བཅས་ཡོད་པར་ཁག་ཐེག་བྱས་ཡོད། བོད་རྒྱ་ཡིག་རིགས་གཉིས་ཀྱི་དཔེ་དེབ་《འདམ་རུད་གནོད་འཚེའི་བཀོད་སྒྲིག་མང་ཚོགས་ཀྱི་སེམས་ཁམས་རང་རོགས་ཁུག་དེབ་》རྩོམ་སྒྲིག་བྱས་ཏེ། ཉན་པ་དང་། ལྷན་དུ་སྡོད་པ། ཆེད་ལས་ཐེ་གཏོགས་བྱེད་ཐབས་བཅས་བརྒྱུད་མང་ཚོགས་ཀྱི་སེམས་ཚོར་ཞི་འཇམ་བཟོ་བ་དང་། ནང་མི་རེ་འགའ་ལ་ “གཅིག་ལ་གཅིག་གཏད་” ཀྱི་ཐེ་གཏོགས་དང་རྒྱུན་མཐུད་རྗེས་འདེད་བྱེད་བཞིན་ཡོད། 9ཚེས་2ཉིན་གྱི་ཆུ་ཚོད་ 12 བར་སེམས་ཁམས་སོས་དལ་དང་སེམས་ཚོར་ཞི་འཇམ་གྱི་ལས་དོན་ཐེངས་ 966 སྒྲུབ་ཟིན།
ཉེན་སྐྱོབ་མི་སྣའི་སེམས་ཁམས་བདེ་ཐང་ལའང་གཙོ་གནད་ཐོག་དོ་ཁུར་བྱེད་བཞིན་ཡོད། སྨན་བཅོས་སྐྱོབ་གསོ་ཚོགས་པས་དུས་ཐོག་ཏུ་སེམས་ཁམས་ཉེན་ཁའི་དཔྱད་ཞིབ་བྱས་པ་དང་། ཚོགས་པ་དང་མི་སྒེར་གྱི་སློབ་སྟོན་སྒྲིག་འཛུགས་བྱས་ཤིང་། 《གནོད་འཚེའི་འཐབ་ས་དང་པོའི་ཉེན་སྐྱོབ་མི་སྣའི་སེམས་ཁམས་རང་རོགས་ཁུག་དེབ་》 དང་ 《བཀོད་སྒྲིག་སར་གྱི་སྨན་བཅོས་མི་སྣའི་སེམས་ཁམས་ལྟ་སྐྱོང་ཁུག་དེབ་》 སྤེལ་ནས་འཐབ་ས་དང་པོའི་མི་སྣར་སེམས་ཁམས་ཀྱི་འགྱུར་ལྡོག་ངོས་འཛིན་བྱེད་པ་དང་རང་རོགས་བྱེད་པར་རོགས་རམ་བྱས་ཡོད།
གནོད་འཚེ་བྱུང་རྗེས། སེམས་ཁམས་ཀྱི་རྨ་ཁ་ནི་ལུས་ཀྱི་རྨ་ཁ་ལས་ལྐོག་གྱུར་རང་བཞིན་ཆེ་བ་དང་། ཡུན་རིང་བ་ཡོད། 12356 ནི་རེ་བ་དང་ཞི་བདེར་བསྐྱོད་པའི་ “སྒྲ་ལམ་”ཞིག་ཡིན། དགོས་མཁོ་ཡོད་མཁན་ཚོར་བརྒྱུད་བསྐུར་གནང་རོགས། ཆེད་ལས་ཀྱི་ཉན་མཁན་གྱིས་རྨས་སྐྱོན་ཕོག་པའི་སེམས་པ་རེ་རེ་དང་འགྲོགས་ཏེ་སེམས་ཀྱི་སྨག་རུམ་ལས་གྲོལ་བར་བྱེད་ངེས་ཡིན།