གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 08ཚེས་28ཉིན། 14:10】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་27ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཟླ་8ཚེས་27ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་སྐྱིད་གྲོང་དུ་ཆུ་རུད་ཀྱི་གནོད་འཚེ་ཐོན་ནས་མི་སྣ་ཤི་རྨས་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འཕྲལ་དུ་རྨས་མ་སྐྱོབ་བཅོས་དང་། སེམས་གསོ་གཏོང་བ། གེགས་ཁུལ་མང་ཚོགས་ལ་སྨན་བཅོས་ཞབས་ཞུ་འགན་ལེན་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་བོད་དུ་གསོ་རིག་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་བྱེད་པར་བསྐྱོད་ཟིན་པ་རེད།
ཟླ་8ཚེས་26ཉིན་གྱི་སྔ་དྲོ་ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད་པ་རེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བོད་རང་སྐྱོང་ལྗོངས་དང་མཉམ་དུ་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་སྤྱི་འདོམས་བྱས་ཏེ་ལས་དོན་ཁག་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་བཞིན་ཡོད་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཆེད་ལས་ལག་རྩལ་མི་སྣ་མྱུར་སྐྱོབ་དངོས་ཟོག་དང་། དུག་སེལ་སྨན་རྫས། ཆེད་ལས་རླངས་འཁོར་བཅས་དང་མཉམ་དུ་གེགས་ཁུལ་དུ་རོགས་སྐྱོབ་བྱེད་པར་མངགས་ཡོད། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དང་དེ་བཞིན་ཉེ་འགྲམ་གྱི་ས་དགའ་རྫོང་དང་། གཉའ་ནང་རྫོང་། དིང་རི་རྫོང་བཅས་ཀྱི་མྱུར་སྐྱོབ་རླངས་འཁོར་དང་། སྨན་དོན་མི་སྣ། སེམས་ཁམས་ལས་དོན་མི་སྣ་བཅས་འཕྲལ་དུ་གེགས་ཁུལ་དུ་མངགས་ནས་འཐབ་ས་དང་པོའི་རྨས་མ་སྐྱེལ་འདྲེན་དང་། སྐྱོབ་བཅོས། སེམས་གསོ་གཏོང་བ་བཅས་ཀྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།
དེ་དང་ཆབས་ཅིག་བོད་རང་སྐྱོང་ལྗོངས་ཀྱིས་སེམས་ཁམས་རོགས་སྐྱོར་གྱི་ཐད་སྦྲེལ་ཁ་པར་ཤར་གཏོང་བྱས་ནས་ཆུ་ཚོད་24ཡི་རིང་ལས་རེས་སྡོད་བྱ་བྱེད་ཀྱི་ཡོད། ད་དུང་འབྲེལ་ཡོད་སྨན་ཁང་ལ་དུས་དང་རྣམ་པ་ཀུན་ཏུ་རྨས་མ་སྐྱོབ་བཅོས་ཀྱི་གྲ་སྒྲིག་ཡག་པོ་བྱེད་དགོས་པ་དང་ཁྲག་འགན་ལེན་ཐུབ་པ་བྱེད་དགོས་པའི་བཀོད་སྒྲིག་བྱས་ཡོད། གཞན་ཡང་རྒྱལ་ཁབ་ཀྱི་འཕྲལ་སྡོམ་གསོ་རིག་རོགས་སྐྱོབ་རུ་ཁག་མང་པོ་ཞིག་གིས་དུས་དང་རྣམ་པ་ཀུན་ཏུ་རོགས་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། ལྷན་འཛོམས་ནད་དཔྱད་ཀྱི་གྲ་སྒྲིག་ཨང་བསར་ཡང་བྱས་ཟིན་ཡོད་པ་རེད།