གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 08ཚེས་28ཉིན། 11:21】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ། ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་པ་རེད།
གནོད་འཚེ་ཐོན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བཏོན་ནས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་བཅོས་སྒྲིག་ལ་ཤུགས་སྣོན། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད། འབྲེལ་ཡོད་ས་ཁུལ་དང་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། འཕྲལ་དུ་བྱ་སྤྱོད་སྤེལ་ནས་ཉེན་སེལ་རོགས་སྐྱོབ་ཀྱི་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱས་པ་རེད།
འཕྲལ་སྡོམ་དོ་དམ་པུས་རོགས་སྐྱོབ་སྟོབས་ཤུགས་བཀོད་གཏོང་དང་ལས་དོན་བཀོད་སྒྲིག་བྱས་པ་དང་། ལས་དོན་ཚོགས་ཆུང་ས་ཡུལ་དངོས་སུ་ཐག་གཅོད་ལ་གཞོགས་འདེགས་བྱེད་པར་མངགས་ཤིང་། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་དང་དེ་བཞིན་ཀྲུང་གོ་ཨན་ནེང་དང་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་སོགས་ལས་གྲྭའི་རོགས་སྐྱོབ་སྟོབས་ཤུགས་ས་གནས་ས་ཐོག་ཏུ་རོགས་སྐྱོབ་བྱེད་པར་མངགས་གཏོང་བྱས་པ། “སྲུང་སྐར་འཕྲལ་གཏོང”གི་འཕྲིན་གཏོང་འགན་སྲུང་དང“འཇིབ་ཤུགས་ཕོ་ཉ”ཡི་མཁའ་སྐྱོད་འཚོལ་ཞིབ་སོགས་ཀྱི་ཡོ་ཆས་གེགས་ཁུལ་དུ་གཏོང་སྤྲོད་བྱས་ཏེ། ས་གནས་ས་ཐོག་གི་འཕྲིན་གཏོང་འགན་སྲུང་དང་ཉེན་སེལ་རོགས་སྐྱོབ་སོགས་ལ་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་པ་རེད། 《རྒྱལ་ཁབ་ཀྱི་ཐོལ་བྱུང་ས་གཤིས་གནོད་འཚེའི་འཕྲལ་སྡོམ་སྔོན་ཇུས》དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་ཀྱི་ས་གཤིས་གནོད་འཚེའི་རིམ་པ་གཉིས་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་པ་རེད།
རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་དང་འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རྒུད་སྐྱོབ་འཕྲལ་སྡོམ་དང་ལེན་བྱས་ཤིང་། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་གུར་དང་། ཐབ། གྱོན་གོས་དང་ཉལ་ཆས། ཉལ་ཁྲི། བཞའ་གདན་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི་3སྤྲད་དེ་མང་ཚོགས་གནས་སྤོ་བཀོད་སྒྲིག་དང་རྒུད་སྐྱོབ་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།
གནོད་འཚེ་ཐོན་རྗེས། རང་བྱུང་ཐོན་ཁུངས་པུའུ་ཡིས་ས་གཤིས་གནོད་འཚེའི་འགོག་ཟོན་རིམ་པ་གཉིས་པ་དང་ལེན་དང་འཕྲལ་སྡོམ་ཐིག་ལེན་རིས་འབྲི་དང་ལེན་བྱེད་འགོ་བཙུགས་ཏེ། རིགས་གཅིག་མཁས་ཅན་གྱི་ལས་དོན་ཚོགས་ཆུང་ས་གནས་ས་ཐོག་ཏུ་མངགས་ནས། ཉེན་སེལ་རོགས་སྐྱོབ་དང་ཞོར་ཐོན་ས་གཤིས་གནོད་འཚེ་འགོག་ཟོན་སོགས་ཀྱི་ལས་དོན་སྤེལ་བར་རོགས་རམ་བྱས་པ་རེད།
རང་བྱུང་ཐོན་ཁུངས་པུའུ་ཡིས་གྲོས་མོལ་བཀོད་གཏོང་ཚོགས་འདུ་ཐེངས་གཉིས་འཚོགས་ཏེ་འཕྲལ་སྡོམ་ཐག་གཅོད་ལས་དོན་ལ་བཀོད་སྒྲིག་བྱས་ཡོད། ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རང་བྱུང་ཐོན་ཁུངས་ཁོངས་གཏོགས་ཀྱིས་ནུས་ཤུགས་ཡོད་རྒུས་ཉེན་ཁར་ཞིབ་འཇུག་བརྡར་དཔྱོད་དང་། ཞོར་ཐོན་གནོད་འཚེ་འགོག་ཟོན། མཐའ་འཁོར་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། ས་གནས་ས་ཐོག་གི་ཉེན་སེལ་རོགས་སྐྱོབ་ལ་འདེགས་སྐྱོར་བྱེད་དགོས། ས་གཤིས་དང་འཕྲལ་སྡོམ་ཐིག་ལེན་རིས་འབྲིའི་རིགས་གཅིག་མཁས་ཅན་མང་དུ་གཏོང་བ་དང་། འབྲེལ་ཡོད་ཚན་པས་འཕྲལ་དུ་གནོད་འཚེ་ཐོན་ཁུལ་ས་ཁོངས་སུ་འཕྲལ་སྡོམ་ཐིག་ལེན་རིས་འབྲི་བྱས་ཏེ་གྲངས་གཞི་བསྡུ་རུབ། ཆེད་མི་བཀོད་སྒྲིག་བྱས་ཏེ་གནོད་འཚེ་མ་ཐོན་སྔོན་དང་ཐོན་རྗེས་ཀྱི་རྒྱང་ཚོར་བརྙན་རིས་ངོས་མཉམ་གཤིབ་བསྡུར་རི་མོ་དང་། ས་ཡུལ་དངོས་ཀྱི་རྩ་གསུམ་གཤིབ་བསྡུར་རི་མོ། གེགས་ཁུལ་ས་ཁྲ་བཅས་འཕྲལ་དུ་བཟོས་ནས། མདུན་ཕྱོགས་རོགས་སྐྱོབ་བཀོད་འདོམས་པུས་སྤྱོད་རྒྱུར་མཁོ་འདོན་བྱེད་དགོས།
ཚེས་26ཉིན་གྱི་ཆུ་ཚོད་14དང་སྐར་མ་30ཡི་ཐོག་ཆུ་བེད་པུས་ཞོད་ཐན་གྱི་གནོད་འཚེའི་དོན་རྐྱེན་ཚབས་ཆེན་གྱི་བཀོད་གཏོང་བཀོད་འདོམས་ལམ་སྲོལ་ལག་བསྟར་བྱས་ནས། བོད་ལྗོངས་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་འཕྲལ་སྡོམ་ཐག་གཅོད་ལས་དོན་ལ་འཕྲལ་དུ་གྲོས་མོལ་དང་བཀོད་སྒྲིག་བྱས་པ་རེད། ཆུ་བེད་པུས་ཆེད་དོན་གྲོས་མོལ་སྒྲིག་འཛུགས་བྱས་ཏེ་བོད་ལྗོངས་སྐྱིད་གྲོང་རྫོང་དང་དེ་བཞིན་མཐའ་འཁོར་ས་ཁོངས་ཀྱི་ཆར་ཆུའི་གནས་ཚུལ་དང་འཁྱགས་རོམ་དང་འཁྱགས་མཚོའི་རྒྱ་ཁྱོན་འགྱུར་ལྡོག་ལ་དབྱེ་ཞིབ་བྱས་པ་དང་། ཆུ་རུད་ཀྱི་གནོད་འཚེའི་འབྱུང་རྐྱེན་ལ་དབྱེ་ཞིབ་བྱས་པ། གནོད་འཚེ་ཐོན་ཡུལ་གྱི་སྨད་རྒྱུད་ཀྱི་མི་འབོར་ཁྱབ་ཚུལ་དང་འབྲེལ་ཡོད་ས་ཁོངས་ཀྱི་མངོན་མེད་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་མཐའ་དཔྱོད་བྱས་པ་དང་དབྱེ་ཞིབ་མཐའ་དཔྱོད་བྱས་འབྲས་དུས་ཐོག་ཏུ་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་ལ་མཉམ་སྤྱོད་བྱས་ནས་གནོད་འཚེའི་འཕྲལ་སྡོམ་ཐག་གཅོད་ཡག་པོ་བྱེད་པར་ནུས་ཤུགས་ཡོད་རྒུས་མཛུབ་ཁྲིད་བྱས་པ་རེད།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་གི་སྔོན་རྩིས་མ་དངུལ་ནས་སྒོར་དུང་ཕྱུར་1འཕྲལ་མར་བཀོད་སྒྲིག་བྱས་ཏེ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་གེགས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སོགས་གེགས་རྗེས་འཕྲལ་སྡོམ་སླར་གསོ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་རེད།
ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར་1.2འཕྲལ་མར་སྔ་རྟིང་བཏང་སྟེ་བོད་ཀྱིས་འཕྲལ་སྡོམ་ཉེན་སེལ་རོགས་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོབ་བྱེད་པའི་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱས་ནས་མི་སྣ་འཚོལ་སྐྱོབ་དང་། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག ཉེན་ཁ་སེལ་བ་སོགས་འཕྲལ་སྡོམ་ཐག་གཅོད་དང་དེ་བཞིན་གནོད་འཚེ་ཕོག་ནས་བརྡིབས་པའི་མི་སེར་གྱི་སྡོད་ཁང་ཉམས་གསོ་སོགས་ཀྱི་ལས་དོན་གཙོ་གནད་ཐོག་ཡག་པོ་བསྒྲུབས་ནས་གནོད་འཚེའི་གྱོང་གུན་དང་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱས་པ་རེད།
འཕྲལ་སྡོམ་དོ་དམ་པུའུ་དང་དམངས་སྲིད་པུའི་མཛུབ་ཁྲིད་འོག ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་འཕྲལ་སྡོམ་རྒུད་སྐྱོབ་མ་དངུལ་སྒོར་ཁྲི་500འཕྲལ་མར་བཏང་སྟེ་གེགས་ཁུལ་གྱི་ཛ་དྲག་རོགས་སྐྱོབ་སོགས་ཀྱི་ལས་དོན་ཐད་སྤྱད་པ་རེད།