གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 08ཚེས་28ཉིན། 11:20】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས། གསར་འགོད་པར་མདུན་ཕྱོགས་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། ཚེས་26ཉིན་གྱི་ཆུ་ཚོད་20བར། ཞིབ་བཤེར་དང་བསྡོམས་རྩིས་རགས་ཙམ་བྱས་པ་བརྒྱུད། ད་ཐེངས་ཆུ་རུད་ཀྱི་གནོད་འཚེས་རྐྱེན་པས་མི་3རྐྱེན་ལམ་དུ་ཤོར་བ་དང་། མི་265འབྲེལ་བ་ཆད་པ། མི་སྣ་ཤི་རྨས་ཀྱི་ཞིབ་ཕྲའི་མི་གྲངས་ད་དུང་སྔར་བས་ཞིབ་རྩིས་རྒྱག་བཞིན་ཡོད་ཅིང་། རོགས་སྐྱོབ་ཀྱི་ལས་དོན་ཁག་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་པ་རེད།
གནོད་འཚེ་ཐོན་རྗེས། ས་གནས་དེ་གས་འཕྲལ་དུ་འཕྲམ་སྡོམ་དང་ལེན་བྱེད་འགོ་ཚུགས་ཤིང་། ས་གནས་ས་ཐོག་ཏུ་རྩད་བཤེར་བྱས་པ་བརྒྱུད། རྒྱལ་ལམ་216ནས་སྐྱིད་གྲོང་འགག་སྒོའི་ཕྱོགས་སུ་སྐྱོད་སའི་ལམ་དུམ་བུར་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་། ས་ཁོངས་ཁག་གཅིག་ལ་གཙང་ཆུ་ལྡོག་སྟེ་རྒྱུག་པ་ལས། འདམ་རྫབ་ཕུང་གསོག་ཐེབས་ཚད་ལི་སྨི་50ནས་80བར་ཟིན་ཡོད་པ་རེད། གནོད་འཚེ་ཕོག་ཁུལ་གྱི་སྤྱི་ལེ་20ཡི་སར་གནས་པའི་སྐྱིད་གྲོང་གྲོང་རྡལ་དུ་ཆར་པ་སིམ་སིམ་བར་མཚམས་མེད་པར་བབས་པས། རོགས་སྐྱོབ་དང་སྐྱེལ་འདྲེན་ལས་ཀར་དཀའ་ངལ་ངེས་ཅན་འཕྲལ་ཡོད་མོད། འོན་ཏེ་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་དང་དངོས་ཟོག་འགན་སྲུང་རུ་ཁག་གིས་གནམ་གཤིས་ངན་པར་མི་འཛེམས་པར་གོ་རིམ་ལྡན་པའི་ངང་གནོད་འཚེ་ཕོག་ཁུལ་གྱི་འཐབ་ས་དང་པོར་སྐྱོད་བཞིན་ཡོད།
བོད་ལྗོངས་དམག་ཁུལ་གྱིས་ས་ཡུལ་དངོས་སུ་འཕྲལ་མ་ཉིད་དུ་མདུན་ཕྱོགས་ཀྱི་བཀོད་འདོམས་ཚོགས་ཆུང་དང་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་མངགས་གཏོང་བྱས་ཤིང་། ཚེས་26ཉིན་གྱི་ཆུ་ཚོད་16ཙམ་ལ། གཞིས་རྩེ་ཡན་ལག་དམག་ཁུལ་གྱི་དཔུང་སྡེ་ཞིག་གི་རོགས་སྐྱོབ་དམག་ཤུགས་བཀའ་རྒྱ་འབྱོར་མ་ཐག་སྐྱོད་འགོ་ཚུགས། དེ་རྗེས་ཁག་གཉིས་པའི་རོགས་སྐྱོབ་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་བཀོད་འདོམས་དང་སྐྱེལ་འདྲེན་རླངས་འཁོར་15དང་། ལས་གྲྭའི་འཕྲུལ་ཆས་4 ཐབ་ལས་རླངས་འཁོར་1 སྨན་བཅོས་སྲོག་སྐྱོབ་རླངས་འཁོར་1བཅས་བཏང་བ་རེད། རྗེས་མཐུད་ཀྱི་རོགས་སྐྱོབ་སྟོབས་ཤུགས་དང་དངོས་ཟོག་གཞན་དག་གྲབས་གསོག་བྱས་ཟིན་པས་རིམ་གྱིས་གནོད་འཚེ་ཕོག་ཁུལ་དུ་འབྱོར་རྒྱུ་རེད།
གནོད་འཚེ་ཐོན་རྗེས། སྐྱིད་གྲོང་འགག་སྒོའི་ཕྱོགས་སུ་སྐྱོད་པའི་འགྲོ་ལམ་དང་འཕྲིན་གཏོང་ཆད་པ་དང་སྐྲུན་དངོས་ཁག་གཅིག་ས་སྦས་ཐེབས་ཡོད། རོགས་སྐྱོབ་ཀྱི་བཀའ་རྒྱ་འབྱོར་རྗེས། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གཞིས་རྩེ་ཉིང་ལག་རུ་ཁག་གིས་འཕྲལ་དུ་དཔོན་དམག་140ལྷག་ཙམ་གསོན་པོ་འཚོལ་ཆས་དང་། སྔོག་བཤེར། འགག་བཤངས་སོགས་ཀྱི་ཉེན་སེལ་རོགས་སྐྱོབ་ཡོ་ཆས་200ལྷག་ཙམ་ཁྱེར་ཏེ་གནོད་འཚེ་ཕོག་ཁུལ་གྱི་འཐབ་ས་དང་པོར་མངགས་ཡོད་པ་རེད།
ཚེས་26ཉིན་གྱི་ཆུ་ཚོད་20བར། རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་མེ་གསོད་རོགས་སྐྱོབ་རུ་ཁག་གིས་ཁྱོན་རླངས་འཁོར་113དང་མེ་གསོད་རོགས་སྐྱོབ་མི་སྣ་601བཏང་ཞིང་། དེ་དག་གཙོ་བོ་བོད་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་དང་སི་ཁྲོན་མེ་གསོད་རོགས་སྐྱོབ་སྐབས་བསྟུན་སྤྱི་ཁྱབ་རུ་ཁག་ནས་ཡིན་པ་དང་། རྫི་ཁྱི་དང་། གསོན་པོ་འཚོལ་ཆས། གདོང་མཆོང་གྲུ་གཟིངས་སོགས་ཀྱི་རོགས་སྐྱོབ་ཡོ་ཆས་ཁྱེར་ནས་ས་གནས་ས་ཐོག་ཏུ་རོགས་སྐྱོབ་བཀོད་སྒྲིག་བྱེད་དུ་བསྐྱོད་ཡོད་པ་རེད།
བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་ལྷ་ས་དང་གཞིས་རྩེ་ནས་ཉེན་རྟོག་སྟོབས་ཤུགས་346སྐོང་འཐེན་བསྡུ་རུབ་བྱས་ཏེ་འཕྲལ་སྡོམ་དཔུང་རོགས་ཚོགས་ཆུང་བཙུགས་པ་དང་། དེའི་ཁྲོད་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་རོགས་སྐྱོབ་མི་སྣ་163སྐྱིད་གྲོང་གྲོང་རྡལ་དུ་འབྱོར་ནས་ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ཏེ་རོགས་སྐྱོབ་ལས་དོན་སྤེལ་བཞིན་ཡོད།
རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་འབྲེལ་ཡོད་གློག་ཤུགས་ཁེ་ལས་ལ་མཐུན་སྦྱོར་མཛུབ་སྟོན་བྱས་ཏེ། གློག་ཤུགས་མྱུར་བཟོ་དང་གློག་གཏོང་འགན་སྲུང་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་ཡོད། ས་གནས་དེ་གའི་གློག་ཤུགས་ཁེ་ལས་ཀྱིས་འཕྲལ་སྡོམ་གློག་སྒྲོན་སྒྲིག་ཆས་གྲ་སྒྲིག་བྱས་ཟིན་པ་དང་། གནས་སྐབས་བཀོད་འདོམས་པུར་སྔོན་ལ་གློག་གཏོང་འགན་སྲུང་བྱས་པ་དང་འབྲེལ། འབྲིང་གནོན་གློག་གཏོང་རླངས་འཁོར་1དང་དམའ་གནོན་གློག་གཏོང་རླངས་འཁོར་2གེགས་ཁུལ་དུ་བཏང་ཡོད། དེ་དང་དུས་མཚུངས། མཐའ་འཁོར་ས་ཁུལ་ནས་འཕྲལ་སྡོམ་གློག་སྒྲོན་སྒྲིག་ཆས་24དང་། གློག་ཁུངས་སྒྲིག་ཆས་53 དེ་བཞིན་གློག་སྐུད་དང་མྱུར་བཟོའི་དངོས་ཟོག་བཅས་གཏོང་སྤྲོད་བྱས་ཏེ། ས་གནས་ས་ཐོག་ཏུ་གློག་ཤུགས་མྱུར་བཟོ་དང་གློག་གཏོང་འགན་སྲུང་ལས་དོན་སྤེལ་བར་སྐྱོད་བཞིན་ཡོད་པ་རེད།