ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཅན།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 08ཚེས་04ཉིན། 15:16】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ས་མཐོའི་ཀླད་འཕྲུལ་མཐུད་ཁའི་ནད་ཐོག་སྨན་བཅོས་ཉེར་སྤྱོད་ལྟེ་གནས་ཀྱི་དྲག་སྐྱེད་ཁང་དུ། སྨན་པའི་རོགས་རམ་འོག ལུས་སྨད་ཞ་བའི་བུ་མོ་ཞིག་གིས་མང་འདུས་བརྡ་རྟགས་ཚུར་ལེན་སྒྲིག་ཆས་བཏགས་པ་དང་། དེའི་འཁྲིས་ཀྱི་གློག་ཀླད་ཀྱི་བརྙན་ཤེལ་ནང་ཀླད་དཔྱད་གློག་རླབས་ཀྱི་འཁྱོག་ཐིག་མངོན་བཞིན་ཡོད། ཁོ་མོའི་བློ་རྩེ་གཅིག་སྒྲིམ་འོག དབང་རྩའི་བརྡ་རྟགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ལུས་ཐོག་ཏུ་ཆ་ལག་ཚང་བར་བསྒར་བའི་རུས་སྒྲོམ་སྒྲིག་ཆས་དལ་བུར་འགུལ་བཞིན་ཡོད།
འདི་ནི་བོད་ལྗོངས་ཀྱིས་ཀླད་འཕྲུལ་མཐུད་ཁའི་ལག་རྩལ་ལ་བརྟེན་ནས་རྨ་མེད་དྲག་སྐྱེད་ཀྱི་སྨན་བཅོས་བྱེད་པའི་རྣམ་པ་ཞིག་རེད། ས་མཐོའི་དབང་རྩའི་དྲག་སྐྱེད་ཁྱབ་ཁོངས་ཀྱི་སྟོང་ཆ་སྐོང་བའི་སྨན་བཅོས་ལག་རྩལ་ཐད་ཀྱི་ཚད་བརྒལ་དེ་ནི་སྨན་བཅོས་བོད་སྐྱོར་གྱི་སྟོབས་ཤུགས་དང་ཁ་འབྲལ་ཐབས་མེད་པ་སྟེ། པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་11པའི་རུ་མི་དང་། རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་ཐེན་ཐན་སྨན་ཁང་དབང་རྩའི་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཧའོ་ཆང་ན་ནིང་བོད་དུ་སླེབས་རྗེས། ཀླད་འཕྲུལ་མཐུད་ཁ་དེ་ཉིད་གཙོ་གནད་འགག་སྒྲོལ་གྱི་བོད་སྐྱོར་རྣམ་གྲངས་ལ་བརྩིས་ཡོད་པ་རེད།
ཁོང་གི་འབད་བརྩོན་འོག བོད་ལྗོངས་ཀྱི་ས་མཐོའི་ཀླད་འཕྲུལ་མཐུད་ཁའི་ནད་ཐོག་སྨན་བཅོས་ཉེར་སྤྱོད་ལྟེ་གནས་ཐོག་མ་སྒོ་བྱང་བཀལ་ནས་བཙུགས་པ་དང་སྦྲགས། ནད་གཞི་དེ་འདྲ་ཕོག་པའི་ནད་པར་ནད་བཤེར་ཚོད་སྐོར་དང་། ནད་བཅོས་བྱ་ཐབས་གཏན་འཁེལ། གཤགས་རྗེས་དྲག་སྐྱེད་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ནད་བརྟག་སྨན་བཅོས་ཀྱི་ཞབས་འདེགས་གནད་སྨིན་ཞུ་འགོ་ཚུགས་ཡོད།
“ངའི་བོད་སྐྱོར་ལས་ཀ་གནས་སྐབས་མཇུག་འགྲིལ་རུང་། ལག་རྩལ་མི་སྣ་རྒྱུན་ཆད་མི་སྲིད། ང་ཚོའི་སྨན་ཁང་གི་བོད་སྐྱོར་སྨན་པ་ཁག་གསར་པ་བོད་དུ་སླེབས་ཡོད། འབྱུང་འགྱུར་སྨན་བཅོས་ལག་རྩལ་གསར་པ་ས་མཐོར་རྒྱུན་མཐུད་དོན་འཁྱོལ་ཐུབ་པ་དང་མང་ཚོགས་ལ་ཕན་པ་སྐྲུན་པར་མུ་མཐུད་སྐུལ་འདེད་གཏོང་གི་ཡིན”ཞེས་ཧའོ་ཆང་གིས་བརྗོད།
དེ་ལྟར་མུ་མཐུད་རྒྱུན་འཛིན་བྱེད་སྟངས་དེ་ནི་སྨན་བཅོས་བོད་སྐྱོར་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་རེད། 2015ལོར། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ཤིང་། པེ་ཅིང་གི་སྨན་ཁང་མང་པོས་རང་ངོས་ཀྱི་ལེགས་ཆ་ལྡན་པའི་རིག་ཚན་ལ་བརྟེན་ནས། “སྨན་ཁང་གིས་ཚན་ཁག་འགན་གཙང་ལེན་པའི”བྱ་ཐབས་སྤྱད་དེ། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཚན་ཁག་མི་འདྲ་བའི་ལག་རྩལ་དང་རིག་ཚན་འཛུགས་སྐྱོང་གི་ཆུ་ཚད་བརྒྱུད་རིམ་ལྡན་པའི་ངང་མཐོ་རུ་བཏང་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་ཀྲང་ཉིང་གིས། རོགས་སྐྱོར་སྨན་ཁང་གི“རྒྱུན་མཐུད་རྣམ་པའི”རོགས་སྐྱོར་འོག སྨན་ཁང་དུ་སྙིང་གཟེར་ལྟེ་གནས་དང་། གཟའ་གྲིབ་ལྟེ་གནས། རྨས་སྐྱོན་ལྟེ་གནས་སོགས་གཙོ་གནད་སྨན་བཅོས་སྐྱོབ་བཅོས་ལས་སྟེགས་མང་པོ་བསྐྲུན་པ་མ་ཟད། ལས་སྟེགས་འདི་དག་ལ་བརྟེན་ནས་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་བརྒྱ་ལྷག་ཙམ་གཉེར་བས། མང་ཚོགས་ནད་བསྟེན་པར་སྟབས་བདེ་དང་ཕན་བདེ་ཆེན་པོ་བྱུང་ཡོད་ཅེས་བརྗོད།
མང་ཚོགས་ཡུལ་གཞན་དུ་སྨན་བཅོས་བྱེད་རིང་མ་གནས་མཐོ་བ་དང་བརྟག་དཔྱད་བསྐྱར་མ་བྱེད་མི་བདེ་བའི་གནད་དོན་ལ་དམིཌ་ཏེ། བོད་སྐྱོར་སྨན་པ་ཁག་ཐེངས་མང་པོས་ལས་སྒོ་གསར་པ་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་བས། ས་མཐོའི་མང་ཚོགས་ཁྱིམ་གྱི་སྒོ་རྩར་སྨན་བཅོས་ཞབས་ཞུ་སྤུས་དག་ལོངས་སྤྱོད་ཐུབ་ཡོད། པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་11པའི་རུ་མི་དང་རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་རྒྱལ་སའི་བྱིས་པའི་གསོ་རིག་ལྟེ་གནས་མཁལ་ནད་ཚན་ཁག་གི་གཙོ་བཅོས་སྨན་པ་དབན་ལིང་གིས་གྲབས་འཛུགས་བྱས་པའི་བྱིས་པའི་མཁལ་ནད་ཆེད་ལས་ནི་བོད་སྐྱོར་སྨན་བཅོས་ཀྱིས་དམངས་ལ་ཕན་པ་དངོས་བསྐྲུན་པའི་མཚོན་བྱེད་ཅིག་རེད།
“བྱིས་པའི་མཁལ་ནད་ལ་ཡུན་རིང་བསྐྱར་ཞིབ་རྗེས་འདེད་དང་སྨན་གཏོང་སྟངས་ལེགས་སྒྲིག་བྱེད་དགོས་ཀྱི་ཡོད། དེ་སྔ་བོད་ལྗོངས་ཀྱི་ནད་གཞི་ཕོག་པའི་བྱིས་པ་ཟླ་རེར་ལྗོངས་ཕྱིའི་སྨན་ཁང་དུ་བརྟག་དཔྱད་བྱེད་པར་སྐྱོད་དགོས་པ་དང་ལམ་ཐག་རིང་བས་སྨན་བཅོས་ཀྱི་ཁུར་པོ་ལྕི་པོ་ཡོད། ད་ཆ་ལྷ་སར་ཚད་ལྡན་གྱི་སྨན་བཅོས་ཐུབ་ཀྱི་ཡོད”ཅེས་བརྗོད་པ་དང་། ཁོང་གིས། བྱིས་པའི་མཁལ་མའི་ཆེད་ལས་འཛུགས་པ་ནི་བོད་སྐྱོར་གྱི་ལོ་འདིའི་ནང་རང་ཉིད་ཀྱི་ལས་འགན་ཆེ་ཤོས་ཤིག་ཡིན་ཞེས་བརྗོད།
ནད་ཐོག་སྨན་བཅོས་ཁྲོད་ལས་དོན་དེར་གྲུབ་འབྲས་མངོན་གསལ་དོད་པོ་གང་མགྱོགས་ཐོབ་ཅིང་། 2025ལོའི་ཟླ་8པར། དབན་ལིང་གིས་ཚོགས་པའི་སྣེ་ཁྲིད་དེ་བོད་ལྗོངས་ཀྱི་ལོ་1མན་གྱི་ཁྲག་ཞུའི་གཅིན་དུག་འདུས་ནད་ཕོག་པའི་བྱིས་པ་དང་པོ་དེ་སྐྱོབ་བཅོས་བྱས་པས། ས་གནས་དེ་གའི་བྱིས་པའི་ལྕི་ཞིང་མཐོང་དཀོན་པའི་མཁལ་ནད་སྨན་བཅོས་ཁྱབ་ཁོངས་ཀྱི་སྟོང་ཆ་སྐོང་བ་མ་ཟད། ནག་ཆུ་དང་། ཆབ་མདོ། གཞིས་རྩེ། ཉིང་ཁྲི་སོགས་ཀྱི་ནད་པ་མང་པོ་སྨན་བཅོས་བྱེད་པར་ཡོང་ཡོད།
ད་ཆ། རྒྱལ་སའི་གསོ་རིག་སློབ་ཆེན་ཞོར་གཏོགས་རྒྱལ་སའི་བྱིས་པའི་གསོ་རིག་ལྟེ་གནས་ཀྱི་ལོ་མང་རྒྱུན་མཐུད་རོགས་སྐྱོར་འོག ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་བྱིས་ནད་ཚན་ཁག་གི་དབུགས་འབྱིན་རྔུབ་དང་། འཇུ་བྱེད། དབང་རྩའི་ཁོག་ནད་ཚན་ཁག ཕྲུ་གུ་དམར་འབྱར་སོགས་ཀྱི་ཆེད་ལས་ཚོགས་ཆུང་སྔ་རྗེས་སུ་བཙུགས་པ་དང་འབྲེལ་རིམ་བཞིན་འཕེལ་རྒྱས་ཕྱིན་ནས། བྱིས་ནད་ཚན་ཁག་དེ་སྨན་ཁང་དེའི“ནད་ཆེན་བོད་ནས་བཅོས་ཐུབ་པའི”གཙོ་གནད་རིག་ཚན་དུ་གྱུར་ཡོད།
ཀླད་འཕྲུལ་མཐུད་ཁས་དྲག་སྐྱེད་ཀྱི་རེ་བ་གསར་པ་སྦྱིན་པ་ནས་བྱིས་ནད་ཚན་ཁག་གི་ནད་བརྟག་སྨན་བཅོས་ཀྱི་སྟོང་ཆ་བསྐངས་པའི་བར། བོད་སྐྱོར་སྨན་དོན་ལས་དོན་པ་ཁག་ཐེངས་མང་པོས་ས་མཐོར་གཞི་ཚུགས་ཏེ། བྱང་ཆུབ་པའི་སྨན་བཅོས་ལག་རྩལ་དང་ཚེ་སྲོག་སྲུང་སྐྱོབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་དྲོ་སྐྱིད་བརྒྱུད་སྤྲོད་བྱས་ཏེ། གངས་ལྗོངས་ས་མཐོར་བདེ་ཐང་གི་རེ་བ་སྦྱིན་པ་དང་། སྨན་བཅོས་བོད་སྐྱོར་གྱི་དྲོ་སྐྱིད་ལྡན་པའི་རྒྱུགས་ལན་ཞིག་འབུལ་བཞིན་མཆིས།