འཚོལ་བཤེར།   
藏文频道
2026ལོའི་ཟླ་8ཚེས་4ཉིན།

༄༅།།《ཧོང་ཡན་གླིང་ཕྲན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་བྱ་ཐབས》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 08ཚེས་04ཉིན། 14:35】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་8ཚེས་1ཉིན་གློག་འཕྲིན་འབྱོར་གསལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག》དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཟླ་8ཚེས་1ཉིན། རང་བྱུང་ཐོན་ཁུངས་པུའུ་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས། ཀྲུང་གོ་མཚོ་ཐོག་ཉེན་རྟོག་ཅུས། ཧའེ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་ཐོག《ཧོང་ཡན་གླིང་ཕྲན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་བྱ་ཐབས》(གཤམ་དུ《དོ་དམ་བྱ་ཐབས》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

     ཧོང་ཡན་གླིང་ཕྲན་ནི་རང་རྒྱལ་གྱི་ཀྲུང་ཧྲ་གླིང་ཚོམ་དུ་གནས་ཤིང་། དེར་ཐུན་མོང་མ་ཡིན་པའི་བྱུ་རུའི་བྲག་རྡོའི་སྐྱེ་ཁམས་མ་ལག་དང་དམིགས་བསལ་གྱི་ས་གཤིས་གྲུབ་ཡོད་པ་དང་། རུས་སྦལ་ཁོག་པ་ནག་ཐིག་ཅན་དང་རྒྱ་མཚོའི་རུས་སྦལ་ལྗང་གུ་སོགས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་སྐྱེ་དངོས་སྲོག་ཆགས་མང་པོ་ཁྱབ་ཡོད་ལ། ཕུན་སུམ་ཚོགས་པའི་སྐྱེ་དངོས་སྣ་མང་རང་བཞིན་དང་རིགས་དཀོན་པའི་དམིགས་བསལ་སྐྱེ་དངོས་ཀྱང་ཡོད། 2025ལོའི་ཟླ་9པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧོང་ཡན་གླིང་ཕྲན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གསར་དུ་སྐྲུན་པར་ཆོག་མཆན་བཀོད་ནས་མོས་མཐུན་བྱས་ཏེ། དོ་དམ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། རང་བྱུང་སྲུང་སྐྱོང་ཁུལ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་ལྟ་འདོམས་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ། དོ་དམ་བྱེད་ཐབས་ཁག་དོན་འཁྱོལ་ཐུབ་པའི་འགན་ལེན་བཅས་བྱས་ནས། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་དོ་དམ་གྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    《དོ་དམ་བྱ་ཐབས》ནང་གཙོ་གནད་ཐོག་དོ་དམ་གྱི་ལམ་སྲོལ་དང་། བདག་སྐྱོང་བྱ་ཐབས། བཅའ་ཁྲིམས་ཀྱི་འགན་འཁྲི་སོགས་གཏན་འབེབས་བྱས་ཡོད་ཅིང་། ཁྱོན་དོན་ཚན་ཁག་བཅུ་དྲུག་ཡོད་པ་རེད།

    《དོ་དམ་བྱ་ཐབས》གཞིར་བཟུང་། ཧོང་ཡན་གླིང་ཕྲན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ས་མཚམས་རྩད་ཞིབ་དང་། འཆར་འགོད་ཞིབ་བཤེར། རང་བྱུང་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་དོ་དམ་དང་རྒྱུ་ནོར་ཞིབ་རྩིས། བདག་དབང་གཏན་འཁེལ་ཐོ་འགོད། མངའ་ཁོངས་རྒྱ་མཚོའི་གཞི་ཐིག་སྲུང་སྐྱོང་དོ་དམ་སོགས་ཀྱི་ལས་དོན་ལ་རང་བྱུང་ཐོན་ཁུངས་པུས་འགན་ཁུར་ནས་སྒྲིག་འཛུགས་བྱེད་པ་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་སྲུང་སྐྱོང་ཁུལ་གྱི་ལྟ་འདོམས་ལས་དོན་ལ་འགན་འཁུར་རྒྱུ་དང་། སྲུང་སྐྱོང་ཁུལ་ལེགས་སྒྲིག་དང་། འཆར་འགོད། འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་དང་ཞིབ་མཆན་འགོད་པའི་འགན་འཁུར་རྒྱུ། རང་བྱུང་ཐོན་ཁུངས་པུའུ་ལྷོ་རྒྱ་མཚོ་ཅུས་ཀྱིས་དོ་དམ་སྒྲིག་གཞིའི་འགན་འཁྲི་ཁུར་ནས། སྲུང་སྐྱོང་ཁུལ་གྱི་རྒྱུན་གཏན་སྲུང་སྐྱོང་དོ་དམ་ལས་དོན་ལ་འགན་ཞིབ་ཕྲ་འཁུར་རྒྱུ་མ་ཟད། ཐོན་ཁུངས་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་དང་། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་སོགས་ཀྱི་ལས་དོན་ལ་འགན་འཁུར་རྒྱུ་རེད། རང་བྱུང་ཐོན་ཁུངས་པུའུ་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས། ཀྲུང་གོ་མཚོ་ཐོག་ཉེན་རྟོག་ཅུས།

     ཧའེ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་སོགས་ཀྱིས་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་སྲུང་སྐྱོང་ཁུལ་གྱི་སྲུང་སྐྱོང་དོ་དམ་ཁྲོད་ཀྱི་གནད་དོན་གལ་ཆེན་མཉམ་དུ་ཐག་གཅོད་བྱས་ཏེ་ལས་དོན་མཐུན་སྦྱོར་དང་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུ་རེད།

    ཧོང་ཡན་གླིང་ཕྲན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྲུང་སྐྱོང་ནན་པོ་བྱ་རྒྱུ་ཡིན་ཞིང་། ཆོག་མཆན་མ་ཐོབ་པར་ཉ་སོགས་འཛིན་པ་དང་། གཏེར་ཁ་འདོན་པ། བྱུ་རུ་དང་བྱུ་རུའི་བྲག་རྡོ། དུང་སོགས་ཀྱི་སྔོག་འཐུའི་ལས་ཀ་དང་དེ་བཞིན་རྒྱ་མཚོའི་རྩ་ཆེའི་སྐྱེ་དངོས་རིགས་དང་རང་བྱུང་སྐྱེ་ཁམས་མ་ལག་ལ་གཏོར་བཤིག་གཏོང་བའི་ལས་ཀ་གཞན་དག་གཏན་འགོག་བྱ་རྒྱུ་རེད། 《དོ་དམ་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་བའི་བྱེད་སྤྱོད་ལ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད།

    《དོ་དམ་བྱ་ཐབས》བཏོན་པ་དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་བཀོད་བཀའ་ལན་གྱི་བླང་བྱ་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཧོང་ཡན་གླིང་ཕྲན་གྱི་རང་བྱུང་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ལ་སྲུང་སྐྱོང་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་དོ་དམ་སྒྲིག་གཞིར《དོ་དམ་བྱ་ཐབས》དོན་འཁྱོལ་ནན་ཏན་བྱེད་པར་མཛུབ་ཁྲིད་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་པོ་དང་། རྒྱུན་རྣམ་ཅན་གྱི་སྔོན་ཚུད་ཉེན་བརྡ་དང་ལྟ་ཞིབ་ཚད་ལེན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱ་མཚོའི་ཐོན་ཁུངས་ལ་ལྟ་ཞིབ་ཚད་ལེན་གྱི་དཔྱད་དཔོག་དང་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་སོགས་ཀྱི་ལས་དོན་རྒྱུན་མཐུད་སྤེལ་བ། ཚད་གཞི་མཐོ་བའི་སྒོ་ནས་ཧོང་ཡན་གླིང་ཕྲན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་དེར་དོ་དམ་ཡག་པོ་བྱ་རྒྱུ་རེད།