འཚོལ་བཤེར།   
藏文频道
2026ལོའི་ཟླ་8ཚེས་4ཉིན།

༄༅།།རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་སྤེལ་འཆར་གཞིའི་གློག་འཁོར་ནུས་གསོག་རྣམ་གྲངས་མཚོ་སྔོན་གོར་མོར་ལས་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 08ཚེས་04ཉིན། 09:10】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་8ཚེས་1ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་དུ་གནས་པའི་ཀྲའོ་ཝ་20ཡི་གློག་འཁོར་ནུས་གསོག་རྣམ་གྲངས་དངོས་སུ་སྐྲུན་འགོ་ཚུགས་པ་རེད། རྣམ་གྲངས་དེ་ནི་ཀྲུང་གོ་ལྗང་མདོག་འཕེལ་རྒྱས་མཚོ་སྔོན་ཡན་ལག་ཀུང་སིས་སྐྲུན་འགན་འཁུར་བ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུས་བཀའ་མཆན་གནང་བའི་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་སྤེལ་འཆར་གཞིའི་རྣམ་གྲངས་ཤིག་ཡིན་པ་དང་། ཀྲུང་གོ་ལྗང་མདོག་འཕེལ་རྒྱས་མཚོ་སྔོན་ཡན་ལག་ཀུང་སི་དང་། ཀྲུང་གོ་གློག་ཤུགས་ཚན་རིག་ཞིབ་འཇུག་ཁང་ཚད་ཡོད་ཀུང་སི། ཆིང་ཧྭ་སློབ་ཆེན་སོགས་ཚན་པ་10ཡིས་མཉམ་འབྲེལ་ཐོག་སྐུལ་འདེད་བཏང་བ་ཞིག་རེད།

གློག་འཁོར་ནུས་གསོག་ནི་ནུས་ཕྱོད་ཆེ་བའི་དངོས་ཁམས་ཀྱི་ནུས་གསོག་ལག་རྩལ་ཞིག་ཡིན་ལ། དེར་སྐར་ཆ་རིམ་པའི་དང་ལེན་དང་། ནུས་ཕྱོད་ཆེ་བ། བེད་སྤྱོད་གཏོང་ཡུན་རིང་བ། སྦགས་བཙོག་མེད་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་རེད། ད་ཐེངས་ལས་འགོ་ཚུགས་པའི་རྣམ་གྲངས་ལ་མྱུར་བགྲོད་གློག་འཁོར་དང་གོམས་ཤུགས་གློག་འཁོར་མཐུན་སྦྱོར་གྱི་ལག་རྩལ་སྤྱད་དེ། བསྡུར་ཚད་མཐོ་བའི་ནུས་རྒྱུ་གསར་པའི་གློག་དྲའི་གོམས་ཤུགས་མི་འདང་བའི་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་རྒྱུ་རེད།

རྣམ་གྲངས་དེ་ནི་གོར་མོའི་ཏུང་གཡོད་ནུས་གསོག་གློག་ཁང་གི་གྲུབ་ཆ་གལ་ཆེན་ཞིག་རེད། ཏུང་གཡོད་ནུས་གསོག་རྣམ་གྲངས་2026ལོའི་ཟླ་4པར་སྐྲུན་འགོ་ཚུགས་པ་དང་2027ལོར་བསྐྲུན་ཟིན་ནས་ཐོན་སྐྱེད་བྱེད་འགོ་འཛུགས་རྩིས་ཡོད་པ་རེད། རྣམ་གྲངས་དེ་བསྐྲུན་ཟིན་རྗེས་མཐའ་འཁོར་དུ་བསྐྲུན་ཟིན་པའི་འོད་ནུས་གློག་ཁང་དང་དྲ་གྲུབ་རྣམ་པའི་ནུས་གསོག་གློག་ཁང་སོགས་དང་མཉམ་དུ་རྒྱལ་ནང་གི་ནུས་གསོག་ལས་རྣམ་གཅིག་སྡུད་ཁུལ་གསར་པ་ཆགས་ནས། མཚོ་ནུབ་ཀྲོའུ་ཡི་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གསར་པའི་རྟེན་གཞི་བདེ་འཇགས་ངང་འཁོར་སྐྱོད་བྱ་རྒྱུར་འགག་རྩའི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་ཡིན་པ་དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་ཕྱོགས་སྒྱུར་གྱི་འཐབ་ཇུས་དོན་འཁྱོལ་དང་ནུས་གསོག་ལག་རྩལ་སྣ་མང་གསར་གཏོད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རང་རྒྱལ་ལ་གློག་ཤུགས་མ་ལག་གསར་པ་འཛུགས་པ་དང“ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུར་འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་དཔེ་སྟོན་ཞིག་ཀྱང་གཏོད་རྒྱུ་རེད།