གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 07ཚེས་22ཉིན། 16:10】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

རླངས་འཁོར་རིམ་བཞིན་ཧེ་ལུང་ཅང་པེ་ཤིང་གྲོང་ཚོར་བསྐྱོད་སྐབས། གཙང་ཞིང་གྲལ་སྟར་འགྲིག་པའི་གྲོང་ཚོའི་རྣམ་པ་མིག་ལམ་དུ་འཆར་ཞིང་། ལམ་ངོས་ཁོད་སྙོམས་པ་དང་རིག་གནས་ཡུལ་སྐོར་གྱི་སྒྲིག་བཀོད་སྣ་ཚོགས་སྔོ་ལྗང་མེ་ཏོག་གི་ཁྲོད་དུ་ཁྱབ་ཡོད་པ་དང་། དྭངས་གཙང་གི་ཞིང་སྡེའི་མཛེས་ལྗོངས་དང་དེང་རབས་ཀྱི་གྲོང་གསེབ་རྣམ་པ་མཉམ་དུ་འདྲེས་བྱས་ཤིང་། འཚོ་སྡོད་ལ་འཚམ་པ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་མིག་ལམ་དུ་འཆར།
པེ་ཤིང་གྲོང་ཚོ་ནི་ཐེ་ལི་གྲོང་ཁུལ་དང་བར་ཐག་སྤྱི་ལེ་18ཡོད་པ་དང་། ས་ཁྱོན་སྤྱི་ལེ་གྲུ་བཞི་མ་26.73ཟིན་པ། རྨོ་ཞིང་མུའུ་16800བཅས་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་པེ་ཤིང་གྲོང་ཚོར་སྔ་རྗེས་སུ་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གི་གྲོང་གསེབ་དང་། རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ། རྒྱལ་ཡོངས་ཀྱི་“མཛེས་སྡུག་ལྡན་པའི་གྲོང་གསེབ་”ཀྱི་དཔེ་མཚོན་ཕུལ་བྱུང་བརྒྱ། རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་གྲོང་ཚོ་སོགས་མཚན་སྙན་མང་པོ་ཐོབ་ཡོད།
རྒྱུན་སྡོད་མི་འབོར་300ཙམ་ཡོད་པའི་གྲོང་ཚོ་དེ་ལོ་ཤས་རིང་འཕེལ་རྒྱས་བཏང་བ་བརྒྱུད། 2025ལོར་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་135.17ཟིན་ནས། ཐག་རིང་སྐད་གྲགས་ཆོད་པའི་གྲོང་གསེབ་དར་རྒྱས་ཀྱི་ཚད་གཞིའི་གྲོང་ཚོ་ཞིག་ཏུ་གྱུར་ཡོད།

ད་ཆ་པེ་ཤིང་གྲོང་ཚོར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་མོད་ཀྱང་ལོ་བཅུ་ཕྲག་ཁ་ཤས་གོང་ལ་ཕྱིར་མིག་བལྟས་ཚེ་དེ་གར་རྣམ་པ་གཞན་ཞིག་མངོན་གྱི་ཡོད།
1991ལོ་ནས་2024ལོའི་བར། པེ་ཤིང་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དེ་གར་ལས་འགན་ལོ་34འཁུར་མྱོང་བའི་པེ་ཤིང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚུའེ་ཧྲུའུ་ཧྲེང་ལ་སྐད་ཆ་ཤོད་དབང་ཆེ་ཤོས་ལྡན་པས། “ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པར། ང་ཚོའི་གྲོང་ཚོར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། ཁང་པ་ཚང་མ་འདམ་དང་རྩྭ་ཁང་ཡིན་པས་འགྲོ་ལམ་འདམ་དུ་གྱུར་ནས་བགྲོད་དཀའ་བས། རླངས་འཁོར་གཏོང་རྒྱུ་ལྟ་ཅི། རྐང་འཁོར་བཞོན་པའང་ཧ་ཅང་ཁག་པོ་ཡོད་”ཅེས་ཟེར།
ཚུའེ་ཧྲུའུ་ཧྲེང་གིས་པེ་ཤིང་གྲོང་ཚོའི་ཕྱེ་ལེབ་བསྐྱར་འཕེལ་ལྟ་བུའི་འགྱུར་བ་བྱུང་ཚུལ་མིག་ཐོང་ལག་ཟིན་བ་དང་དེའི་ནང་ཞུགས་ཡོད། ཚུའེ་ཧྲུའུ་ཧྲེང་གིས་“ཕྱིས་སུ་ཞིང་ཕན་དམངས་ཕྱུག་གི་སྲིད་ཇུས་རྒྱུན་མཐུད་ངང་དོན་འཁྱོལ་བྱས་པ་དང་ང་ཚོའི་གྲོང་ཚོའི་ལས་བྱེད་པས་སྣེ་ཁྲིད་དེ་འཕེལ་རྒྱས་ཀྱི་ཐབས་ལམ་ལ་བསམ་བློ་བཏང་ནས། གྲོང་ཚོ་མཛེས་སྡུག་ལྡན་པར་བསྒྱུར་བ་དང་གྲོང་མི་ཕྱུག་པོར་འགྱུར་བར་བྱ་རྒྱུའི་བསམ་བློ་བཏང་ཡོད་”ཅེས་ངོ་སྤྲོད་བྱས། 1998ལོ་ནས་བཟུང་། པེ་ཤིང་གྲོང་ཚོས་དཔལ་ཡོན་གྲོང་ཚོ་འཛུགས་སྐྲུན་གྱི་ལས་དོན་སྔོན་ལ་སྤེལ་འགོ་བཙུགས་ནས། “ལམ་གཅིག་ལ་ཤིང་སྡོང་གཉིས་དང་སྒྲིག་ལམ་གསུམ་”གྱི་འཕེལ་རྒྱས་བསམ་ཕྱོགས་གཏན་འཁེལ་བྱས་ཏེ། གྲོང་ཚོའི་འགྲོ་ལམ་ཉམས་གསོ་རྒྱ་ཆེར་གཏོང་བ་དང་། ལམ་རྒྱུད་དུ་ལྗོན་ཤིང་བཙུགས་ནས་གྲོང་ཚོའི་རྣམ་པ་མཛེས་སུ་གཏོང་བ། གྲོང་གསེབ་བཅོས་སྐྱོང་གི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ་གྲོང་ཚོའི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་བཏང་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་བཏང་ཡོད།

རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་ཆེད། པེ་ཤིང་གྲོང་ཚོས་“སྲིད་གཞུང་གིས་མ་དངུལ་ཕྲན་བུ་གཏོང་བ་དང་། གྲོང་ཚོ་ནས་ཕྲན་བུ་གཏོང་བ། ཞིང་དུད་ཀྱིས་ཕྲན་བུ་གྲབས་གསོག་བྱེད་པ་”བཅས་ཀྱི་“གསུམ་གྱིས་ཕྲན་བུ་འདོན་པའི་”འཛུགས་སྐྲུན་བྱེད་སྟངས་གཞིར་བཟུང་། གྲོང་ཚོའི་ནང་ཁུལ་སྲ་འགྱུར་དང་། སྔོ་འགྱུར། འོད་འགྱུར། མཛེས་འགྱུར། ལྟ་སྐུལ་ཚོད་འཛིན། སྐུད་མེད་Wi-Fiཁྱོན་ཡོངས་སུ་ཁྱབ་པར་བྱས་པ། གློག་འཕྲིན་སྐུད་དྲ་དོན་འཁྱོལ་སྒྱུར་བཀོད་བྱས་པ། གད་སྙིགས་བརྒྱུད་སྒྱུར་ས་ཚིགས་དང་ཡུལ་སྐོར་སྤྱི་པའི་གསང་སྤྱོད་སོགས་སྤྱི་པའི་སྒྲིག་བཀོད་བཟོས་ཡོད།
2024ལོར། གྲོང་ཚོ་དེས་ཡུལ་མིའི་སྡོད་ཁང་ཐོན་ལས་ཚོད་ལྟའི་གྲོང་ཚོ་འཛུགས་སྐྲུན་རྣམ་གྲངས་སྤེལ་འགོ་ཚུགས་པ་དང་། བེད་མེད་དུ་ལུས་པའི་ཡུལ་མིའི་སྡོད་ཁང་འཁྲུག་པོར་གཏོང་བ་དང་། ཚད་ལྡན་ཅན་གྱི་ཡིག་ཚགས་ལེགས་སྒྲིག། ཆེད་ལས་ཅན་གྱི་ཁྲོམ་ར་གཉེར་སྐྱོང་བཅས་ཀྱི་འཕེལ་རྒྱས་ཐབས་ལམ་བརྒྱུད། སྨི་གྲུ་བཞི་མ་3600ཡོད་པའི་དམངས་སྡོད་ཁང་གི་ཕྱོགས་བསྡུས་སྒྲིག་གཞི་གཏོད་པ། དེ་དང་ཆབས་ཅིག སྐར་ཟླའི་རོལ་རྩེད་གླིང་དང་། སྐར་ཟླའི་སྒར་རྒྱག་ཁུལ། ཆུ་ཐོག་སྤྲོ་གསེང་ཁུལ། VRཉམས་ལེན་ཁང་སོགས་རིག་གནས་ཡུལ་སྐོར་སྒྲིག་བཀོད་ཆ་ཚང་བ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད། བེད་མེད་དུ་ལུས་པའི་གྲོང་གསེབ་ཀྱི་ཐོན་ཁུངས་དེ་“འབབ་འཕར་གྱི་ཆུ་བོ་ལྟ་བུར་”བསྒྱུར་ཡོད།

དེ་སྔའི་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པའི་གྲོང་ཚོ་རྙིང་པ་ད་ཆ་ལེ་ལག་ཆ་ཚང་དང་། གཙང་ཞིང་གྲལ་འགྲིག་པ། འཚོ་སྡོད་འཚམ་པ་བཅས་བྱུང་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ཐེག་ནུས་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་གཉིས་མཐོ་རུ་ཕྱིན་ཡོད།
དབྱར་གཞུང་གི་རླུང་བུ་གྲོང་གསེབ་ཀྱི་ཐང་སྡེར་ལྡང་ཞིང་། གཙང་ཞིང་གྲལ་སྟར་འགྲིག་པའི་གྲོང་ཚོའི་ལམ་དང་། འཁྲུག་ཆ་དོད་པའི་རིག་གནས་ཡུལ་སྐོར་བྱེད་ཡུལ། སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཞིང་ཁའི་རྣམ་པ་ངོ་མཚར་ཤིན་ཏུ་ཆེ། ད་ཆ་པེ་ཤིང་གྲོང་ཚོའི་ས་ཆ་ཚུན་རེ་རེ་ཚང་མར་དར་རྒྱས་ཀྱི་གསོན་ཤུགས་ལྡན་པ་དང་འཕོ་འགྱུར་ཚང་མར་གྲོང་མིའི་བདེ་སྐྱིད་ཀྱི་རེ་སྒུག་ལྡན་པས་གྲོང་ཚོ་ཆུང་གྲས་ཀྱི་འགྱུར་ལྡོག་ལ་བརྟེན་ནས་དུས་རབས་གསར་པའི་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བའི་གསོན་ཉམས་ལྡན་པའི་ལན་མངོན་ཡོད།
