མི་དམངས་དྲ་བའི་“ཀྲུང་གོར་སྐྱོད་པ་”ཞེས་པའི་ལེ་ཚན་གྱི་ལེའོ་ཉིང་དུ་བརྟག་ཞིབ་བྱེད་པའི་བཅར་འདྲི་ཚོགས་པ།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 06ཚེས་04ཉིན། 13:37】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདིས་ངོ་མ་ཁྱོད་ལས་རྒྱལ་ཐུབ་བམ།” “ཚོད་ལྟ་བྱས་ན་ཤེས་ཀྱི་རེད་ཨང་།” ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་རྫོང་ཤང་ལུང་ཁྲོམ་གཞུང་གི་“མཛེས་སྡུག་ལྡན་པའི་ཁྱིམ་མཚེས་ཀྱི་བར་མཐོང་ན་”རྒད་པོ་ཞིག་གིས་བསྡད་མ་ཐག་ཁ་གཏད་ཀྱི་འཕྲུལ་མིས་ལག་པ་བརྐྱངས་ནས་རྡེའུ་ནག་པོ་ཅིག་བསྒྲུགས་ནས། ཕཱ་ཞེས་པའི་སྒྲ་གསལ་པོ་ཞིག་གྲགས་པ་དང་བསྟུན་ནས། མིག་སྡེལ་ཀྱི་དཀྱིལ་དུ་བཤམས་ནས། དངོས་སུ་མིག་མངས་རྩེད་མགོ་བརྩམས།
“མཛེས་སྡུག་ལྡན་པའི་ཁྱིམ་མཚེས་ཀྱི་བར་མཐོང་”ཞེས་པ་ནི་ཤང་ལུང་ཁྲོམ་གཞུང་གིས་ཐུན་མོང་ཐོག་བསྐྲུན་པ་དང་། ཐུན་མོང་ཐོག་བཅོས་སྐྱོང་དང་མཉམ་སྤྱོད་བྱེད་སྟངས་ཐོག་ནས་སྡེ་ཁུལ་གྱི་བེད་མེད་ཁང་པ་སྤྱད་དེ་སྤྱི་པའི་ཞབས་ཞུའི་བར་མཐོང་བཏོད་པ་རེད། ལས་དོན་མི་སྣ་ཧོང་ཡུས་ཐིང་གིས། འཕྲུལ་མི་དེས་མིག་མངས་དང་། ཝེ་ཆི་མིག་མངས། རྡེའུ་ལྔའི་མིག་མངས་བཅས་རྩེད་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས། “གཟའ་མཇུག་ཏུ་རྒན་རྒོན་དང་ཕྲུ་གུ་མི་ཉུང་བ་ཞིག་ཡོང་གིས་AIདང་མིག་མངས་ཀྱི་སྒྱུ་རྩལ་འགྲན་བསྡུར་བྱེད་ཀྱི་ཡོད། མི་མང་བའི་སྐབས་སུ་སྔོན་ལ་ཁ་ཆད་བྱས་ནས་གྲལ་སྒྲིག་དགོས་ཀྱི་ཡོད།”

གསར་འགོད་པར་ཧོང་ཡུས་ཐིང་གིས། “དེ་སྔ་འཕྲུལ་མི་ནི་བརྙན་འཕྲིན་དང་བཟོ་གྲྭའི་ནང་དུ་མ་གཏོགས་མེད་པ་དང་ང་ཚོ་མི་སེར་དང་བར་ཐག་ཧ་ཅང་རིང་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ་ང་ཚོའི་འཚོ་བའི་ནང་འདི་འདྲའི་མགྱོགས་པོ་འབྱོར་ཐུབ་ཡོད་”ཅེས་དང་། འདི་ལོའི་ཟླ་5པའི་ཟླ་སྟོད་དུ་ཁོང་དང་ལས་རོགས་ཁྲང་ཧྲ་རྫོང་གི་“ནུས་བརྒལ་འཕྲུལ་མི་འཇིག་རྟེན་”དུ་མྱུལ་ནས་མིག་མངས་རྩེ་བའི་འཕྲུལ་མི་དེ་མཐོང་བྱུང་། “སྐབས་དེ་དུས་མ་གཞི་འཆམ་འཆམ་ཁོ་ན་བྱེད་རྩིས་ཡོད་མོད། འོན་ཀྱང་ཚོད་ལྟ་བྱས་རྗེས་རིག་ནུས་ཆེན་པོ་ལྡན་པ་དང་། མཉམ་འགུལ་གྱི་རང་བཞིན་ཆེ་བ། སྤྲོ་སྣང་ལྡན་པ་བཅས་ཀྱི་ཚོར་སྣང་བྱུང་”ཞེས་ཟེར།
ཧུའུ་ནན་དུ་འདི་ནི་མི་དཀྱུས་མ་སྔར་ལས་མང་བས་འཕྲུལ་མིའི་ལས་རིགས་གསར་པ་དང་ཐུག་ཚུལ་ཡིན་ཏེ། ལག་རྩལ་གསར་གཏོད་ཐུབ་པ་མ་ཟད། ད་དུང་མི་སེར་ཚོར་ཤེས་རྟོགས་ཐུབ་པ་དང་ཚོད་ལྟ་ཐུབ་པར་ཡང་བྱེད་པ་རེད།
འདི་ལོའི་ཟླ་2པར་ལས་གཉེར་བྱེད་འགོ་ཚུགས་པའི་ཁྲང་ཧྲ་རྫོང་གི་“ནུས་བརྒལ་འཕྲུལ་མིའི་འཇིག་རྟེན་ཆེན་པོའི་”ནང་སྨི་གྲུ་བཞི་མ་5000ཙམ་གྱི་བར་མཐོངས་སུ་འཕྲུལ་མིའི་ཐོན་རྫས་བརྒྱ་ལྷག་ཙམ་འདུས་ཡོད་པ་དང་། མ་ལག་ནང་བཀོལ་སྤྱོད་ཀྱི་རྣམ་པ་50ལྷག་ཙམ་མངོན་པ་སྟེ། ལག་པའི་མཁྲིག་མའི་སྟེང་དུ་ཚོར་ཆས་བཏགས་ཚེ་“འཕྲུལ་མིའི་ཀྲུང་ལུགས་སྨན་པ་རྒན་པས་”ཁྱེད་ཀྱི་རྩ་རྩ་བརྟག་དཔྱད་བྱས་ནས་བདེ་ཐང་གི་སྙན་ཞུ་བཟོ་བ་དང་། སྙོམས་སྒྲིག་ཇུས་གཞི་ཟུར་དུ་འགོད་ཐུབ་པ་དང་། གར་སྟེགས་ཐོག་འཕྲུལ་མིའི་རོལ་ཚོགས་ཀྱི་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་ནས་མི་རྣམས་ལ་མཐོང་ཐོས་གསར་པ་ཞིག་སྟེར་གྱིན་ཡོད། ཚོང་ཁང་གི་འགན་འཁུར་བ་ཧྥང་དབྱི་ཀྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མི་མང་ཤོས་ཀྱི་སྐབས་སུ་ཚོང་ཁང་ནང་ཉིན་གཅིག་ལ་ཚོགས་པ་10ལྷག་ཙམ་ལ་སྣེ་ལེན་ཞུ་བཞིན་ཡོད། དྲ་ཐོག་ཏུ་ཁོང་ཚོས་“གཅིག་འཐུས་རྣམ་པའི་མངགས་བཟོ་བོགས་གཏོང་ཚོང་གཉེར་ལས་སྟེགས་ཀྱང་”བཏོན་པ་རེད།

“སྔོན་ལ་ཚོད་ལྟ་བྱས་ནས་རྗེས་སུ་ཉོ་བ་དང་། བོགས་མར་བཏང་ཆོག་པ། མངགས་བཟོ་བྱེད་ཆོག་པ་”བཅས་ཀྱི་ཚོང་ཁང་གི་རྣམ་པ་དེ་རིགས་ཀྱི་ཐོག་ནས་འཕྲུལ་མི་སྤྱོད་པའི་མི་དཀྱུས་མའི་སྒོ་ཐེམ་དམའ་རུ་ཕྱིན་ཡོད་པ་རེད།
མཐོང་ཐུབ་པ་དང་རེག་ཐུབ་པའི་ཉེར་སྤྱོད་རྣམ་པ་རབ་དང་རིམ་པའི་རྒྱབ་ཏུ་ཧུའུ་ནན་དུ་ཐོག་མར་ཆགས་པའི་འཕྲུལ་མིའི་ཐོན་ལས་ནུས་པ་ཡོད་པ་རེད།
ལྟེ་གནས་དེའི་ལག་རྩལ་འགན་འཁུར་བས་ངོ་སྤྲོད་བྱས་དོན་དུ། ཁྲང་ཧྲ་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཧུའུ་ནན་གཟུགས་ལྡན་རིག་ནུས་གསར་གཏོད་ལྟེ་གནས་སུ་ཉིན་ལྟར་བཟོ་དབྱིབས་མི་འདྲ་བའི་འཕྲུལ་མི་ཚོས་ལད་ཟློས་རྣམ་པའི་ཁྲོད་དངོས་སྦྱོང་བྱེད་ཀྱི་ཡོད་དེ། ཁོང་ཚོས་སྤང་ལྗོངས་ཐང་དུ་རྐང་རྩེད་སྤོ་ལོ་རྩེ་བ་དང་། ཟོག་སྒྲོམ་གྱི་མདུན་དུ་ལངས་ནས་ཚོང་ཟོག་དབྱེ་འབྱེད་དང་འཛིན་སྙོབ་སློབ་སྦྱོང་བྱེད་པ། མགྲོན་ཁང་དུ་གཙང་སྦྲ་བྱེད་པ་དང་། རྒན་རྒོན་ལ་ལྟ་སྐྱོང་བྱེད་པ། ཕྲུ་གུར་ལྟ་སྐྱོང་བྱེད་པ་བཅས་རེད། “ངང་ཚུལ་ཅན་གྱི་དངོས་སྦྱོང་དེ་རིགས་བརྒྱུད་དེ་འཕྲུལ་མིའི་འགུལ་རྣམ་དོ་སྙོམས་དང་ཐབས་ཇུས་མཉམ་ལས་སོགས་འགག་རྩའི་ལག་རྩལ་གཙོ་གནད་ཐོག་ཚད་ལེན་ཚོད་ལྟ་བྱས་ནས་གྲངས་གཞི་གསོག་འཇོག་བྱས་ཏེ་འཕྲུལ་མི་སྤྱང་གྲུང་དེ་བས་ཆེ་བ་ཡོང་བར་བྱེད་དགོས་”ཟེར།
མིག་སྔར་ཧུའུ་ནན་གྱི་རིག་ནུས་བཅོས་མའི་ཐོན་ལས་ཀྱི་ཁེ་ལས་ལྟེ་བ་400ལས་བརྒལ་བ་དང་2025ལོར་ཐོན་ལས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་850ཙམ་ཟིན་པ། ཞིང་ཆེན་དེ་ཡོངས་སུ་རྒྱལ་ཁབ་རིམ་པའི་རིག་ནུས་བཟོ་སྐྲུན་དཔེ་སྟོན་བཟོ་གྲྭ་24དང་ཕུལ་བྱུང་རྣམ་པ་69སྐྱེད་སྲིང་བྱས་པ། ཞིང་ཆེན་ནང་ཁུལ་གྱི་དཔེ་དབྱིབས་ཆེ་གྲས་11རྒྱལ་ཁབ་ཀྱི་ཐོ་འགོད་སྙན་སེང་བརྒྱུད་དེ་གྲངས་འབོར་དབུས་རྒྱུད་ཀྱི་ཨང་དང་པོར་སླེབས་ཡོད།
སྡེ་ཁུལ་ནང་གི་མིག་མངས་རྩེད་པའི་འཕྲུལ་མི་ཞིག་ནས་“དགོས་མཁོ་ལྟར་བཟོ་བའི་”ཉམས་ལེན་ཚོང་ཁང་ཞིག་དང་། དེ་ནས་“ཞིབ་འཇུག་གསར་སྤེལ་དང་། བཟོ་སྐྲུན། ཉེར་སྤྱོད། ཞབས་ཞུ་”བཅས་ཚུད་པའི་རིག་ནུས་འཕྲུལ་མིའི་ཐོན་ལས་སྦྲེལ་ཐག་ཞིག་ཏུ་སླེབས་ཏེ། འཛད་སྤྱོད་པའི་ཉམས་ལེན་ལྟེ་བར་བྱེད་པའི་འཕྲུལ་མི་འཛད་སྤྱོད་ཀྱི་ལས་རིགས་གསར་པ་དེ་རིགས་ཧུའུ་ནན་དུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་མི་དཀྱུས་མ་ཚོའི་འཚོ་བའི་ནང་ཁྱབ་བཞིན་ཡོད་པ་རེད།