ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 06ཚེས་04ཉིན། 08:51】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས། 《ཕྱི་ཕྱོགས་མ་འཇོག་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་དང་། 2026ལོའི་ཟླ་7ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
《གཏན་འབེབས》ཀྱི་དམིགས་ཡུལ་ནི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་མ་འཇོག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ། ཕྱི་ཕྱོགས་མ་འཇོག་ལ་དོ་དམ་ནུས་ལྡན་བྱེད་པ། མ་དངུལ་འཇོག་མཁན་དང་ཕྱི་ཕྱོགས་མ་འཇོག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཆེད་དུ་རེད། 《གཏན་འབེབས》དེར་ཁྱོན་དོན་ཚན་ཁག་34ཡོད་པ་དང་། གཙོ་བོ་གཤམ་གསལ་གྱི་ནང་དོན་གཏན་འབེབས་བྱས་ཡོད་པ་སྟེ།
གཅིག་ནས་སྤྱད་འཐུས་ཁྱབ་ཁོངས་ཁ་གསལ་བཟོས་ཡོད་ཅིང་། ཕྱི་ཕྱོགས་མ་འཇོག་ནི་མངའ་ཁོངས་ཕྱིར་མ་དངུལ་འཇོག་པར་ཟེར་བ་དང་། ཀྲུང་གོའི་མངའ་ཁོངས་ཀྱི་མ་དངུལ་འཇོག་མཁན་གྱིས་ཐད་ཀར་རམ་གཞན་བརྒྱུད་ནས་རྒྱལ་ཁབ(ས་ཁུལ)གཞན་དག་གི་ཁེ་ལས་དང་རྒྱུ་ནོར་སོགས་འབྲེལ་ཡོད་ཁེ་དབང་ཐོབ་པར་བྱེད་པའི་བྱེད་སྒོར་གཏན་འབེབས་འདི་སྤྱད་ན་ཆོག་པ་དང་། མ་དངུལ་འཇོག་མཁན་གྱིས་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་སུ་མ་དངུལ་འཇོག་པར་དོ་དམ་བྱེད་པའི་ཐད་གཏན་འབེབས་འདི་གཞིར་བཟུང་ནས་ལག་ལེན་བསྟར་དགོས།
གཉིས་ནས་སྤྱིའི་བླང་བྱ་ཁ་གསལ་བཟོས་ཡོད་ཅིང་། ཕྱི་ཕྱོགས་མ་འཇོག་གི་ལས་ཀར་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་བསྟར་བ་དང་། ཕྱི་ཕྱོགས་མ་འཇོག་གི་དོ་དམ་དང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཕྱི་ཕྱོགས་མ་འཇོག་གི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་དང་རང་འགུལ་ངང་འབྲེལ་མཐུད་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག” མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མ་དངུལ་འཇོག་མཁན་གྱིས་ཁྲོམ་ར་ཅན་གྱི་རྩ་དོན་ལྟར་ཕྱི་ཕྱོགས་མ་འཇོག་གི་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས།
གསུམ་ནས་ཕྱོགས་བསྡུས་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་ཡོད་ཅིང་། རྒྱལ་ཁབ་ཀྱིས་ཕྱི་རྒྱལ་གྱི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཆེད་ལས་ཞབས་ཞུའི་ལས་ཁུངས་ཀྱིས་སྤུས་ཚད་མཐོ་བའི་ཆེད་ལས་ཞབས་ཞུར་རྒྱབ་སྐྱོར་བྱེད་དགོས། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་དང་། ཚོང་དོན་མ་འཇོག་སྐུལ་སྤེལ་རྩ་འཛུགས་ཀྱིས་སྒྲིག་ཡིག་ལྟར་འབྲེལ་ཡོད་ཆ་འཕྲིན་བློ་འདྲི་དང་ཁེ་དབང་སྲུང་སྐྱོང་སོགས་ཀྱི་ཞབས་འདེགས་ཞུ་དགོས།
བཞི་ནས་དོ་དམ་ནུས་ལྡན་བྱེད་དགོས་ཤིང་། སྙོམ་སྒྲིག་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། རིགས་དབྱེ་རིམ་དབྱེའི་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱེད་པ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཕྱི་ཕྱོགས་མ་འཇོག་གི་ཚན་རིག་རང་བཞིན་དང་བདེ་འཇགས་རང་བཞིན་ཆེ་རུ་གཏོང་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་ཁག་གིས་ཕྱི་ཕྱོགས་མ་འཇོག་གི་སྲིད་ཇུས་གཏན་འབེབས་དང་།
ལེགས་སྒྲིག ལག་བསྟར་བཅས་བྱས་ནས། མ་དངུལ་འཇོག་མཁན་གྱིས་ཚད་ལྡན་གྱི་མ་འཇོག་ཚོང་གཉེར་བྱེད་པར་ཁྲིད་སྟོན་དང་ལྟ་སྐུལ་བྱེད་དགོས། མ་དངུལ་འཇོག་མཁན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཞིབ་མཆན་དང་ཐོ་འགོད་དང་། ཆ་འཕྲིན་སྙན་ཞུ། རྒྱལ་སྒྲོལ་མ་དངུལ་ཐོ་འགོད་སོགས་ཀྱི་འགྲོ་ལུགས་གཉེར་དགོས། མ་དངུལ་འཇོག་མཁན་གྱི་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་ཕྱི་ཕྱོགས་མ་འཇོག་གི་ཁྲོམ་རའི་སྒྲིག་ལམ་དཀྲུགས་མི་ཆོག
ལྔ་ནས་ཕྱི་ཕྱོགས་མ་འཇོག་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱིས་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་དང་ཉེན་ཁ་དཔྱད་དཔོག་བྱེད་ཤུགས་བཅས་ཆེ་རུ་གཏོང་བ་དང་། མ་དངུལ་འཇོག་མཁན་གྱིས་བདེ་འཇགས་ཀྱི་ཉེན་ཁར་དོགས་ཟོན་ཡག་པོ་བྱེད་པར་ཁྲིད་སྟོན་དང་རོགས་རམ་བྱེད་དགོས། རྒྱལ་སྤྱིའི་མཉམ་ལས་སྤེལ་རེས་བྱས་ནས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་གྲོས་མཐུན་འཇོག་པར་གྲོས་མོལ་ཧུར་ཐག་བྱས་ཏེ་སྲུང་སྐྱོང་ཆུ་ཚད་མཐོ་རུ་གཏོང་དགོས། གྲོས་མོལ་དང་། འདུམ་སྒྲིག ཁྲུན་གཅོད། གཏུག་བཤེར་སོགས་བྱེད་ཐབས་སྣ་མང་ལ་བརྟེན་ནས་མ་འཇོག་གི་རྩོད་གཞི་སེལ་བར་ལྕག་སྐུལ་བྱེད་དགོས། མ་འཇོག་གི་བཀག་རྒྱར་བརྟག་དཔྱད་བྱེད་པའི་ལམ་ལུགས་བཟོ་བ་སོགས་ལ་བརྟེན་ནས་མ་དངུལ་འཇོག་མཁན་དང་དེའི་ཕྱི་ཕྱོགས་མ་འཇོག་གི་བདེ་འཇགས་དང་། ལུགས་མཐུན་ཁེ་དབང་། དེ་བཞིན་རྒྱལ་ཁབ་ཀྱི་ཕྱི་རྒྱལ་གྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།