འཚོལ་བཤེར།   
藏文频道
2026ལོའི་ཟླ་6ཚེས་2ཉིན།

༄༅།།རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་2026ལོའི“མྱུར་སྐྱེལ་པ་ཡག་ཤོས་བཅུ”ཡོངས་བསྒྲགས་བྱས་པའི་ནང་བོད་ཀྱི་མཉམ་སྡེབ་གཅིག་ཚུད་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 06ཚེས་02ཉིན། 13:55】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་2026ལོའི“མྱུར་སྐྱེལ་པ་ཡག་ཤོས་བཅུ”ཡོངས་བསྒྲགས་བྱས་ཤིང་། དེའི་ནང་ཀྲང་ཆན་དང་། ཧྲེན་ཡུན། རོན་ཧའེ་ལེང་། ཝང་ཅུན། ཧོང་ཁའེ་ཧུའེ། ལེང་ཚན་ཤན། ཝང་ཤིན། དབྱང་ཡིང་བཅས་མི་སྒེར་8དང་། དེ་བཞིན་པེ་ཅིང་ཏ་ཕེང་ལན་མྱུར་སྐྱེལ་ཕོ་གསར་ཚོགས་པ་དང་ཀྲུང་གོ་སྦྲག་སྲིད་བོད་ལྗོངས་ཀོང་པོ་རྒྱ་མདའ་རྫོང་ཡན་ལག་ཀུང་སིའི་ཚོགས་པ་བཅས་མཉམ་སྡེབ་2ཚུད་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 2026ལོའི“མྱུར་སྐྱེལ་པ་ཡག་ཤོས་བཅུ”ཡི་ཁྲོད། ལ་ལས་ཧུའུ་པེའི་ནུབ་རྒྱུད་ཀྱི་ཝུའུ་ལིང་རི་བོའི་གསེབ་ཏུ་ལམ་ཐག་སྤྱི་ལེ་ཁྲི་70ཡི་སར་ལོ་10ཕར་འགྲོ་ཚུར་འོང་བྱས་ནས་མྱུར་སྐྱེལ་ལས་ལ་གཞོལ་བ་དང་། ལ་ལས་མྱ་ངམ་ཐང་གི་སྦྲག་ལམ་བརྟན་སྲུང་བྱས་ཏེ་ལང་ཚོར་བརྟེན་ནས་སྙན་ངག་བརྩམས་པ། ལ་ལས་ཁྱིམ་མཚེས་དབར་ལ་བརྩེ་བ་ཟབ་མོ་བཅངས་ནས་མི་ཧྲེང་རྒན་རྒོན་ཚོར་དྲོ་སྐྱིད་སྦྱིན་པ། ལ་ལས་མྱུར་སྐྱེལ་དྲ་རྒྱ་སྦྲེལ་ཐག་ཏུ་བྱས་ཏེ་གྲོང་གསེབ་ཏུ་དམངས་ཕན་ཞབས་འདེགས་གནད་སྨིན་ཞུས་པ། ལ་ལས་ཞིང་ཞོར་ཐོན་རྫས་རི་ཁུལ་ནས་ཐོན་པར་རམ་འདེགས་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་མགྱོགས་པོ་བཏང་བ་ལ་སོགས། ཁོང་ཚོས་ལས་གཅེས་ལས་བརྩོན་དང་། གསར་གཏོད་བྱེད་ཕོད་པ། སེམས་རྩ་འཁོལ་པོས་སྤྱི་ཕན་སྒྲུབ་པ་བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་དུས་རབས་གསར་པའི་མྱུར་སྐྱེལ་ཚོགས་སྤྱིའི་ཉམས་འགྱུར་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།