མི་དམངས་དྲ་བའི“མདུན་བསྐྱོད་ཀྱི་ཀྲུང་གོ”བརྟག་ཞིབ་ཚོགས་པ།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 06ཚེས་02ཉིན། 10:30】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
དབྱར་འགོའི་དུས་སུ་ཧུའུ་པེ་ཞིང་ཆེན་ཧུང་ཨན་རྫོང་གི་ཀྲུའུ་ཅ་ལོའུ་གྲོང་ཚོར་སྐྱོད་སྐབས། གྱང་སྣ་རྟ་མགོ་མ་གྱེན་དུ་འཕྱོ་བ་དང་དྲ་མིག་མེ་ཏོག་མར་འོད་ཀྱི་བརྒྱན། གཡའ་ལེབ་གྱི་ལམ་བུར་དུས་ཀྱི་རྒད་པོས་བརྡར་ནས་འོད་འཇམ་འཇམ་དུ་གྱུར་ཡོད། ཡོན་རྒྱལ་རབས་ཀྱི་དུས་མཇུག་དང་མིང་རྒྱལ་རབས་ཀྱི་དུས་འགོར་བསྐྲུན་པའི་གནའ་བོའི་གྲོང་ཚོ་དེར་གནའ་ཉམས་སྙིང་པོར་བཟུང་ཞིང་རི་ཆུ་རྩ་བར་བྱས་ནས་གྲོང་གསེབ་དར་རྒྱས་བྱ་གཞག་ཁྲོད་སླར་ཡང་རྣམ་པ་གསར་པ་ཐོན་ཡོད།

ཀྲུའུ་ཅ་ལོའུ་གྲོང་ཚོ་བྱང་ཕྱོགས་སུ་ཆགས་ཅིང་ལྷོ་ཕྱོགས་སུ་ཁ་ཕྱོགས་ཏེ། རྒྱབ་ཏུ་རི་དང་མདུན་ལ་ཆུ་ཡོད་པ་དང་། ཤར་ནུབ་གཞོགས་གཉིས་སུ་རི་ཚོགས་ཀྱིས་བསྐོར། གྲོང་ཚོའི་བཀོད་པ་གཟབ་ནན་ཡིན་ལ། མཉམ་དུ་གཤིབ་པའི་སྲང་ལམ་གསུམ་གྱིས་གྲོང་ཚོ་རང་ཤུགས་སུ་འབྱེད་པ་དང་། སྲང་ལམ་རེར་དུད་ཚང་5ནས་7བར་སྡོད་ཀྱི་ཡོད་པས།“དུད་ཚང་རང་ཚུགས་དང་། སྲང་ལམ་མཉམ་སྦྲེལ་” གྱི་ཐུན་མོང་མ་ཡིན་པའི་རྣམ་པ་ཞིག་ཆགས་ཡོད། 2012ལོར་ཀྲུའུ་ཅ་ལོའུ་གྲོང་ཚོ་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་མིང་གཞུང་ཁག་དང་པོའི་ནང་བཅུག་པ་རེད། འོན་ཀྱང་ལོ་ཟླའི་བསླད་སྐྱོན་གྱིས་ཁང་པ་རྙིང་པ་དག་ཉེན་ཁའི་གནས་སུ་གྱར་མྱོང་།

ཉེ་བའི་ལོ་ཤས་རིང་། ས་གནས་དེ་གའི་སྲིད་གཞུང་གི་རྒྱབ་སྐྱོར་འོག་གྲོང་ཚོའི་བཟོ་པ་རྒན་གྲས་གདན་དྲངས་ནས་གྲོང་ཚོའི་གྱང་དང་། ཁྲོན་རྙིང་། ཆིབས་སྟེགས་སོགས་ལོ་རྒྱུས་ཀྱི་རྗེས་ཤུལ་རེ་རེ་བཞིན་སླར་གསོ་བྱས་པ་དང་འབྲེལ་འཕྲེད་གཞུང་སྣོལ་འདྲེས་ཀྱི་སྲང་ལམ་དང་ཐོག་ཁང་དབར་གྱི་བགྲོད་ལམ་ཉམས་གསོ་བྱས་ཡོད། “ཁྱེད་ཀྱིས་སོ་ཕག་སྔོན་པོ་དེར་ལྟོས་དང་། ཚང་མ་སྔར་གྱི་རྣམ་པ་ལྟར་གསབ་བཟོ་བྱས་པ་རེད། ཆུ་འབུད་ཡུར་བུ་དེ་ཡང་གནའ་བོའི་གྲོང་ཚོའི་སྔར་ཡོད་ཀྱི་རྣམ་པ་ལྟར་བཟོས་པ་རེད”གྲོང་ཚོའི་རིག་དངོས་སྲུང་སྐྱོབ་པ་ཀྲུའུ་ཧུའེ་ཡིས་སྲང་ལམ་དུ་ལངས་ནས་གསར་འགོད་པར་རྒྱལ་ཁབ་དང་ས་གནས་ཀྱིས་མ་དངུལ་བཏང་ནས“རྙིང་པ་ལྟར་ཉམས་གསོ་བྱེད་པའི”རྩ་དོན་ལ་བརྩི་སྲུང་ཞུས་ནས་གནའ་བོའི་ཁང་པ་300ལྷག་ཙམ་དང་གནའ་བོའི་སྲང་ལམ་5ཉམས་གསོ་བྱས་ནས་གནའ་བོའི་གྲོང་ཚོའི་རྣམ་པ་སྲུང་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ད་ཆ་གནའ་བོའི་སྲང་ལམ་དུ་སྐྱོད་སྐབས་ཤིང་བརྐོས་དང་། རྡོ་བརྐོས། སོ་ཕག་བརྐོས་མ་གནས་ཀུན་ཏུ་མཐོང་ཞིང་། རྐོ་རྩལ་ཞིབ་ཚགས་ལྡན་པ་བརྐོས་རིས་འབུར་དུ་ཐོན་པ། འཕྲེད་གཞུང་སྣོལ་བའི་ལམ་ཕྲན་གྱིས་མི་རྣམས་ཀྱི་ཡིད་དབང་འགུག་བཞིན་ཡོད།

གནའ་བོའི་གྲོང་ཚོའི་གསོན་ཤུགས་དེ་ད་དུང་གསལ་ལྷང་ལྷང་གི་སྔོ་ལྗང་གི་རྣམ་པར་གནས་ཡོད། གྲོང་ཚོའི་ནང་དུ་རྒྱལ་ཁབ་གྱིས་བྱང་ཡིག་བཀལ་ནས་སྲུང་སྐྱོང་བྱེད་པའི་གནའ་སྡོང་ཉི་ཤུ་རྩ་གསུམ་ལྷིང་འཇགས་ངང་ཁྱབ་ཡོད། “རི་ཇའི་རྒྱལ་པོ”ཞེས་འབོད་པའི་གནའ་རིའི་ཇ་ཤིང་གཉིས་ཀྱི་ཡལ་འདབ་རྒྱས་ཤིང་། མེ་ཏོག་བཞད་དུས་སུ་མེ་ཏོག་སྣ་ཚོགས་ཀྱིས་ཁེངས། ཚོས་སེར་སྡོང་བོའི་བསིལ་གྲིབ་ཀྱིས་ལམ་མདོ་ཡོངས་སུ་ཁེབས་པས་དབྱར་དུས་ཀྱི་ཚ་བ་དེ་གྲོང་ཚོའི་ཕྱི་རོལ་དུ་དལ་གྱིས་བཀག་ཡོད།

ད་ཆ། རི་ཆུ་དང་གནའ་བོའི་བཟོ་བཀོད་ནི་གྲོང་མིའི་འཚོ་བ་རིམ་བཞིན་ཡག་པོར་འགྱུར་བཞིན་པའི་རྒྱུ་རུ་གྱུར་ཡོད།
གྲོང་ཚོས་གནའ་གྲོང་ལྟ་སྐོར་དང་དམངས་སྲོལ་ཉམས་ལེན་དང་རང་བྱུང་སྤྲོ་གསེང་ཟུང་འབྲེལ་བྱས་ཏེ། “རང་ཡུལ་མཐོང་ཐུབ་པའི”འཚོ་བའི་བར་འཁྱམས་དལ་མོ་ཞིག་གཏོད་ཀྱི་ཡོད། ཡུལ་སྐོར་བས་གཡའ་ལེབ་གྱི་ལམ་བུ་བརྒྱུད་དལ་བུར་འགྲོ་བཞིན་ཡོད་པ་དང་རྒན་རྒོན་གྱིས་འདས་དོན་བརྗོད་པར་ཉན་ནས་སྡོང་བོའི་བསིལ་གྲིབ་འོག་ཏུ་ངལ་གསོ་རྒྱག་བཞིན་ཡོད། ཁང་པ་རྙིང་པ་ཉམས་བཟོ་བྱས་པ་དང་ཁོར་ཡུག་མཛེས་སྡུག་ལྡན་པར་གྱུར་ནས་གྲོང་མི་ཚོས་མེས་པོའི་འཚོ་བ་སྐྱེལ་བའི་གྲོང་ཚོ་སྲུང་ནས་འཚོ་བ་ཡང་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད།

ཀྲུའུ་ཧུའེ་ཡིས་བཤད་པ་བཞིན། “ད་ཆ་གྲོང་ཚོའི་ནང་མི་སྔར་བས་མང་དུ་འགྲོ་བཞིན་ཡོད་པས་ཚང་མའི་རེ་སྒུག་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད།”