འཚོལ་བཤེར།   
藏文频道
2026ལོའི་ཟླ་5ཚེས་30ཉིན།

༄༅།།ཞི་ཅིན་ཕིང་དང་ཨོ་སི་ཁྲུ་རི་ཡའི་ཙུང་ཐུང་ཧྥན་ཏེ་པེ་ལུན་གྱིས་ཀྲུང་ཨོ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་
བཙུགས་ནས་ལོ་ངོ་55འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 05ཚེས་30ཉིན། 09:47】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨོ་སི་ཁྲུ་རི་ཡའི་ཙུང་ཐུང་ཧྥན་ཏེ་པེ་ལུན་གྱིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་སྟེ། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བར་རྟེན་འབྲེལ་ཞུས་པ་རེད།

     ཞི་ཅིན་ཕིང་གིས་གསུངས་དོན། ཕྱི་འབྲེལ་བཙུགས་ནས་ལོ་ངོ་55སོང་རིང་། ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་འབྲེལ་བ་དཀའ་ངལ་སྣ་ཚོགས་བརྒྱུད་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་རྒྱུན་འཁྱོངས་བྱུང་ཡོད། 2018ལོར་ང་དང་ཙུང་ཐུང་ཧྥན་ཏེ་པེ་ལུན་གྱིས་ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་མཛའ་གྲོགས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ངེས་གནས་གསར་པ་མཉམ་དུ་གཏན་འཁེལ་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་བཏོད་ཡོད། ན་ནིང་ཟླ་5པར། “དོམ་ཁྲ་ཕོ་ཉ”ཆ་གཅིག་ཝི་ཨེན་ན་རུ་ཐོན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་བཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད། མིག་སྔར། རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་ཆེ་ལ་ཟང་ཟིང་ཆེ་བས་འཛམ་གླིང་ཞི་བདེར་སྐུལ་འདེད་གཏོང་མཁན་དང་། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཁན། རང་མོས་ཚོང་དོན་སྲུང་སྐྱོང་བྱེད་མཁན་བཅས་ཡིན་པའི་ངོས་ནས་ཀྲུང་ཨོ་རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་ཡིད་ཆེས་དང་། སྒོ་དབྱེ་བསྟུན་མཁས། མཉམ་ལས་གཉིས་ཕན་བཅས་ཐུན་མོང་ཐོག་མཐའ་འཁྱོངས་བྱེད་དགོས། ངས་ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་ཧྥན་ཏེ་པེ་ལུན་དང་ལྷན་དུ་འབད་བརྩོན་གྱིས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བཟུང་ནས། ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།

     ཧྥན་ཏེ་པེ་ལུན་གྱིས་གསུངས་དོན། 2018ལོར་ངས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་ཏེ་སྐུ་ཞབས་ཀྲུའུ་ཞི་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་མཛའ་གྲོགས་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་པས་ཕྱོགས་གཉིས་པོའི་འབྲེལ་བར་ལམ་ཚད་རྡོ་རིང་གི་དོན་སྙིང་གལ་ཆེན་ལྡན་ཡོད། འདས་ཟིན་པའི་ལོ་55ཡི་རིང་། ཨོ་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་ནས། མི་ཆོས་རིག་གནས་དང་། སློབ་གསོ། ཚན་ཞིབ། རིག་གནས། དཔལ་འབྱོར་སོགས་ཁྱབ་ཁོངས་ཁག་ཏུ་འགྲོ་འོང་ཡང་ཡང་བྱུང་སྟེ། ཕྱོགས་གཉིས་པོའི་མཛའ་གྲོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཡོད། མིག་སྔར་རྒྱལ་སྤྱིའི་དུས་བབ་ཡོ་ལངས་ཆེ་བས་ཨོ་སི་ཁྲུ་རི་ཡ་དང་ཀྲུང་གོས་རྒྱ་ཁྱབ་ཀྱི་འབྲེལ་བ་རྒྱུན་འཁྱོངས་དང་། ཐུན་མོང་ཐོག་བརྟན་ལྷིང་སྲུང་སྐྱོང་། བསམ་ཤེས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་པ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡོད། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏིང་ཟབ་ཏུ་འགྲོ་བ་དང་རིམ་འཕར་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།