གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 05ཚེས་30ཉིན། 09:46】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སུའུ་རི་ནམ་གྱི་ཙུང་ཐུང་ཤིས་མོང་སིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་སྟེ། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་སུའུ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་མཛའ་གྲོགས་བརྟན་པོ་ཡོད། དུས་རབས་ཕྱེད་ཀ་ཙམ་རིང་། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་པ། གཉིས་ཕན་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་རྩ་བསྐྲུན་ཡོད། ངས་ཀྲུང་སུའུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་ཤིས་མོང་སི་དང་ལྷན་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་འགོ་འཛུགས་ས་གསར་པར་བྱས་ནས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་བྱེད་པ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་སུའུ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ལེའུ་གསར་པ་མཉམ་དུ་རྩོམ་འདོད་ཡོད།
ཤིས་མོང་སིས་གསུངས་དོན། ཕྱི་འབྲེལ་བཙུགས་ནས་ལོ་ངོ་50སོང་རིང་། སུའུ་ཀྲུང་འབྲེལ་བ་རྒྱུན་མཐུད་དང་གཏིང་ཟབ་ངང་འཕེལ་རྒྱས་ཕྱིན་པ་མ་ཟད། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་བརྟན་ལ་ཟབ་པ་དང་འཐབ་ཇུས་མཉམ་ལས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཡོད། ངས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་ལ། འབྱུང་འགྱུར་གྱི་ལོ་50ལ་རྒྱང་ལྟ་བྱས་ནས་ཕྱོགས་གཉིས་པོས་མཐུན་སྒྲིལ་སྔར་བས་དམ་ཟབ་དང་མཉམ་ལས་ཟབ་གཏོང་དང་རྒྱ་ཆེར་བཏང་ནས་དར་རྒྱས་གོང་འཕེལ་མངོན་འགྱུར་ཡོང་བའི་ཐུན་མོང་གི་བསམ་འདུན་ལ་རེ་སྒུག་བྱེད་བཞིན་ཡོད།