འཚོལ་བཤེར།   
藏文频道
2026ལོའི་ཟླ་5ཚེས་27ཉིན།

༄༅།།ཕྱི་འབྲེལ་གྱི་ཚ་རླབས་ནས་ཀྲུང་གོའི“མཉམ་ལས་ནུས་ཤུགས”ལ་ལྟ་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 05ཚེས་27ཉིན། 14:23】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

ཉེ་ཆར། ཀྲུང་གོའི་ཕྱི་འབྲེལ་གྱི་ཚ་རླབས་རྒྱུན་མཐུད་ངང་འཕྱུར་བཞིན་ཡོད། ཟླ་5པ་ཤར་ཚུན། ཐ་ཇིག་སི་ཐན་དང་། ཨ་རི། ཨུ་རུ་སུ། ཕ་ཁི་སི་ཐན། སེར་པི་ཡ་སོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་སྔ་རྗེས་སུ་ཀྲུང་གོར་འཚམས་འདྲི་གནང་བ་མ་ཟད། ལོ་ཕྱེད་ལྷག་ཙམ་རིང་། ཧྥ་རན་སེ་དང་། ཧན་གོ ཁ་ན་ཏ། དབྱིན་ཇི། འཇར་མན། སི་ཕེན། ཝེ་ཐེ་ནམ་སོགས་རྒྱལ་ཁབ་མང་པོའི་འགོ་ཁྲིད་པའང་སྔ་རྗེས་སུ་ཀྲུང་གོར་ཕེབས་ཡོད་པ་རེད། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་གཙོ་བོ་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་བར་དང་མཐའ་འཁོར་གྱི་ཁྱིམ་མཚེས་རྒྱལ་ཁབ་ནས་རྒྱ་མཚོ་བརྒལ་བའི་རོགས་ཟླའི་བར། ཀྲུང་གོའི་ཕྱི་འབྲེལ་བྱེད་སྒོ་ཟམ་མི་ཆད་པར་སྤེལ་མང་དུ་ཕྱིན་པ་དེ་གོ་ལ་ཧྲིལ་པོའི་ཕྱི་འབྲེལ་ལས་སྟེགས་ཐོག་ཀུན་གྱིས་དོ་སྣང་བྱ་གཞིར་གྱུར་ཡོད།

“ཀྲུང་གོ་འདི་ཉིད་ད་ཆ་ཕྱི་འབྲེལ་གྱི་སྦྲེལ་ཟམ་དང་། འཕེལ་རྒྱས་སྒྲོམ་གཞི་མཁོ་སྤྲོད་མཁན། དེ་བཞིན་འཐབ་ཇུས་བརྟན་པོའི་ཀ་རྟེན་བཅས་གསུམ་དུ་གྱུར་ཡོད” “ཟླ་ཤས་རིང་། འཛམ་གླིང་ས་ཕྱོགས་ཁག་གི་འགོ་ཁྲིད་པ་པེ་ཅིང་དུ་ཕེབས་བཞིན་ཡོད” “འཚམས་འདྲི་དེ་དག་ཚོང་ལས་ཀྱི་དམིགས་ཡུལ་ལས་བྱུང་བ་ཞིག་ཡིན་ལ། ངེས་གཏན་མེད་པའི་རང་བཞིན་གྱི་འཛམ་གླིང་ཁྲོད་བློས་འགེལ་ཆོག་པའི་མཉམ་ལས་རོགས་ཟླར་བཅངས་པའི་རེ་སྒུག་ཀྱང་རེད”ཅེས་པ་སོགས་ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་གཅིག་རྗེས་གཉིས་མཐུད་ངང“མཉམ་ལས”ཀྱི་ངོས་ནས་འགྲེལ་བཤད་བརྒྱབ་སྟེ་ཀྲུང་གོ་འདི་ཉིད་བློས་འགེལ་ཆོག་པའི་མཉམ་ལས་རོགས་ཟླ་བརྟན་པོ་ཞིག་ཏུ་བརྩི་གི་ཡོད།

ཀྲུང་གོའི“མཉམ་ལས་ནུས་ཤུགས”ནི་བརྟན་ཁྲོད་ཡར་འཕེལ་གྱི་འཕེལ་རྒྱས་ཀྱི་རྣམ་པ་ལས་བྱུང་བ་ཞིག་རེད། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཞིག་ཡིན་པས་ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞོར་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་ནས་འཛམ་གླིང་ལ་ཁ་གསལ་བའི“གོ་སྐབས་ཀྱི་གསལ་ཐོ”ཞིག་སྤྲད་ཡོད། ཀྲུང་གོ་དང་ཨ་རིའི་གཙོ་བདག་པེ་ཅིང་དུ་ཞལ་འཛོམས་གནང་ཡུལ་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཨ་རིའི་ཁེ་ལས་མཁས་ཅན་ཚོར་ཀྲུང་གོ་དང་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་ལྕག་སྐུལ་གནང་བ་དང་ཀྲུང་གོའི་སྒོ་དབྱེའི་སྒོ་མོ་འབྱེད་རྒྱ་ཇེ་ཆེར་གཏོང་རྒྱུའི་ནན་བཤད་གནང་ཡོད། ཀྲུང་གོར་ཡོད་པའི་ཨ་རིའི་ཚོང་ཚོགས་ཀྱིས་ཁྱབ་བསྒྲགས་གསར་ཤོས་བྱས་པའི《ཀྲུང་གོར་ཡོད་པའི་ཨ་རིའི་ཁེ་ལས་ཀྱི་རྒྱབ་ཤ་དཀར་པོའི་དེབ》ལས་མངོན་པར། 2025ལོར་འཚམས་འདྲི་བྱ་ཡུལ་ཀྲུང་གོར་ཡོད་པའི་ཨ་རིའི་མ་འཇོག་ཁེ་ལས་52%ལ་སྔོན་དཔག་བྱས་ན་ཁེ་སྤོགས་བྱུང་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས་6མཐོ་རུ་ཕྱིན་ཡོད།

ཀྲུང་གོའི“མཉམ་ལས་ནུས་ཤུགས”ནི་ཕྱོགས་མང་རིང་ལུགས་བརྟན་སྲུང་བྱེད་པའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་ལས་བྱུང་ཡོད། དེང་སྐབས་ཀྱི་འཛམ་གླིང་ཟང་ཟིང་ཆེ་བ་དང་ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་རིང་ལུགས་ཀྱི་གནོད་འཚེ་ཚབས་ཆེ་བས་འཛམ་གླིང་ལ་ཆེ་བས་ཆུང་ཟ་བྱེད་པར་ལྟག་ལོག་རྒྱག་པའི་ཉེན་ཁ་འཕྲད་ཡོད། མཐུན་སྒྲིལ་དང་མཉམ་ལས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ངེས་པར་དུ་མཁོ་བ་ཞིག་རེད། འཛམ་གླིང་ལ་རྒྱལ་ཁབ་ཆེན་པོས་སྣེ་ཁྲིད་དེ་འདྲ་མཉམ་ལ་སྣང་ཆེན་དང་། ཁྲིམས་སྐྱོང་ལ་སྣང་ཆེན། མཉམ་ལས་ལ་སྣང་ཆེན། ཁ་དན་ཚིག་གནས་ལ་སྣང་ཆེན་བཅས་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པའི་དགོས་གལ་ཤིན་ཏུ་ཆེན་པོ་ཡོད། ཀྲུང་ཨུས《འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་གསར་པ་དར་སྤེལ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་མ་ཟད། ཁྱབ་ཁོངས་གཞན་དག་གི་མཉམ་ལས་ཡིག་ཆ་20བཞག་པ་ལས་རྒྱལ་ཁབ་གཉིས་པོས་གོ་ལ་ཧྲིལ་པོའི་སྟོབས་ཤུགས་དོ་མཉམ་སྲུང་སྐྱོང་དང་རྒྱལ་སྤྱིའི་འབྲེལ་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་སྣོན་རྒྱག་པའི་ཆོད་སེམས་མངོན་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ་དང་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་བཅོས་སྐྱོང་བྱེད་ཐབས་བཟང་པོར་བརྟེན་ཏེ་གོ་ལ་ཧྲིལ་པོ་བཅོས་སྐྱོང་ལ་མཐུན་རྐྱེན་སྦྱར་ཡོད། ཕྱོགས་ཁག་སྔ་རྗེས་སུ་ཀྲུང་གོར་འཚམས་འདྲིར་ཕེབས་པ་ནི་ཀྲུང་གོའི་ལངས་ཕྱོགས་གསལ་པོ་དང་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པར་ཁས་ལེན་བྱས་པ་ཞིག་རེད། མཉམ་ལས་དེ་རིགས་ཀྱིས་ཕན་ཚུན་དབར་གྱི་འབྲེལ་བ་བརྟན་དུ་བཏང་བ་མ་ཟད། འཛམ་གླིང་ཧྲིལ་པོར་བདེ་སྐྱིད་ཀྱང་བསྐྲུན་ཡོད།

དོན་དངོས་ཀྱིས་སླར་ཡང་ར་སྤྲོད་བྱས་དོན། ཀྲུང་གོ་དང་མཉམ་དུ་འགྲོགས་པ་ནི་གོ་སྐབས་དང་མཉམ་དུ་འགྲོགས་པ་ཞིག་ཡིན་པ་དང་བརྟན་ལྷིང་དང་མཉམ་དུ་འགྲོགས་པ་ནི་ཡང་དག་པའི་ཁ་ཕྱོགས་སུ་བསྐྱོད་པ་ཞིག་རེད། འགྱུར་ལྡོག་དང་ཟང་ཟིང་མཉམ་དུ་འདྲེས་པའི་དུས་རབས་འདིར། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྒོ་དབྱེ་ཁོང་ཡངས་ཀྱི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་དང་གཉིས་ཁེ་གཉིས་ཕན་གྱི་བགྲོད་ལམ་བརྟན་སྲུང་བྱས་ཏེ། རང་ངོས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་མུ་མཐུད་སྣོན་རྒྱུ་རེད།