གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 05ཚེས་27ཉིན། 10:26】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཝུའུ་ཆི་ཆི་དང་སྐུ་ཟླ་ཐཱ་མ་ལཱ་དང་ལྷན་བཞུགས་སྐུ་པར་བསྐྱོན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། 2024ལོར་ངས་སེར་པི་ཡར་རྒྱལ་དོན་འཚམས་འདྲི་བྱས་པ་ཡིན། ཕྱོགས་གཉིས་པོས་ཐུན་མོང་ཐོག་དུས་རབས་གསར་པའི་ཀྲུང་སེར་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལེའུ་གསར་པ་བརྩམས་ཡོད། ལོ་གཉིས་རིང་། ཀྲུང་སེར་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་པར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་ལ། རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བའི་དཔེ་མཚོན་ཡང་བཏོད་ཡོད། ཀྲུང་སེར་རྒྱལ་ཁབ་གཉིས་པོའི་མི་རིགས་ཀྱིས་དཀའ་སྡུག་དང་འོད་སྟོང་བརྒྱུད་མྱོང་བ་དང་། གཉིས་ཀར་བློ་བརྟན་འགྱུར་མེད་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པའི་བསམ་པའི་གཤིས་རྒྱུད་ལྡན་པ། གཉིས་ཀས་བློ་བརྟན་འགྱུར་མེད་ངང་རང་བཙན་རང་བདག་དོན་གཉེར་དང་མི་རིགས་ཀྱི་ལ་རྒྱ་སྲུང་བ། གཉིས་ཀས་ཞི་བདེ་འཕེལ་རྒྱས་མཐའ་འཁྱོངས་དང་སྤྱི་ལུགས་དྲང་བདེན་བརྟན་སྲུང་བྱེད་པར་གོ་བ་གཏིང་ཟབ་བླངས་ཡོད། ཕྱོགས་གཉིས་པོས་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ། མཉམ་ལས་ཟབ་ཏུ་གཏོང་བ། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ཏེ། མཉམ་དུ་ལས་དབང་གཅིག་མཐུན་དང་ཐུན་མོང་དར་རྒྱས་ཀྱི་འོད་སྟོང་འཕྲོ་བའི་ལམ་ཆེན་དུ་བསྐྱོད་ནས། ཀྲུང་སེར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་སེར་གྱི་འགྱུར་མེད་མཛའ་གྲོགས་ནི་ཐུན་མིན་ཡིན་ལ། ལོ་རྒྱུས་ཀྱི་གཏན་ཚིགས་དང་དངོས་ཡོད་ཀྱི་རྨང་གཞི་ཟབ་མོ་ཡོད། ཕྱོགས་གཉིས་པོས་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་དགོས། སེར་པི་ཡ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་། སེར་པི་ཡ་ཕྱོགས་དང་མཉམ་དུ་རྒྱལ་སྐྱོང་སྲིད་འཛིན་སྐོར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཤིང་། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་དུས་དཀྱིལ་བྱ་སྤྱོད་འཆར་གཞི་དོན་འཁྱོལ་ཡག་པོ་བྱས་ཏེ། འགྲིམ་འགྲུལ་དང་ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་རླབས་རྒྱུན་གསར་པའི་མདུན་དུ་ཕྱོགས་གཉིས་པོས་མི་ཐབས་རིག་ནུས་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་ནུས་རྒྱུ། སྔོན་ཐོན་བཟོ་སྐྲུན་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་འཕར་གཞི་གསར་པ་གཏོད་དགོས། ན་ནིང“ཀྲུང་སེར་མི་དམངས་དབར་གྱི་མཛའ་གྲོགས་འབྲེལ་བའི་ལོ་70”ཡི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཕྱོགས་གཉིས་པོས་གཞོན་ནུ་དང་མི་ཆོས་རིག་གནས་སྤེལ་རེས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང“ཐོངས་མཆན་འགོད་མི་དགོས་པ་དང་། རང་མོས་ཚོང་དོན། གནམ་གྲུ་ཐད་འཕུར་བཅས་ཟུང་དུ་འབྲེལ་བའི”ཕྱོགས་བསྡུས་སྒྲོམ་གཞི་ཡག་པོ་སྤྱད་དེ། རིག་གནས་དང་། སློབ་གསོ། ལུས་རྩལ། ཡུལ་སྐོར། ས་གནས་སོགས་ཀྱི་མཉམ་ལས་ཕྱོགས་ཡོངས་ནས་རྒྱ་ཆེར་བཏང་སྟེ། ཀྲུང་སེར་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་དགོས། མིག་སྔར་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་དང་ཟང་ཟིང་ཆེ་བས། ཀྲུང་སེར་རྒྱལ་ཁབ་གཉིས་པོས་རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།
ཝུའུ་ཆི་ཆི་ཡིས་གསུངས་དོན། ཀྲུང་གོས་གྲུབ་འབྲས་ཐོབ་པའི་སྒོ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོས་པ་དང་འབྲེལ་ལག་ལེན་བསྟར་འགོ་ཚུགས་པར་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུ་ཡིན་པའི་ཡིད་ཆེས་ཡོད། སེར་པི་ཡས་ཀྲུང་གོ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད། སེར་ཀྲུང་མི་དམངས་དབར་མཛའ་གྲོགས་ཟབ་མོ་ལྡན་ཞིང་། སེར་པི་ཡས་རང་བཙན་དང་བདག་དབང་སྲུང་སྐྱོང་བྱེད་པ་དང་རང་བརྟེན་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་ཐད་ཀྲུང་གོས་རྒྱབ་སྐྱོར་བྱས་པ་སེར་པི་ཡའི་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད། ཀྲུང་གོའི་ཁེ་ལས་ཀྱིས་སེར་པི་ཡའི་རྒྱལ་ཁབ་འཛུགས་སྐྲུན་ནང་ཞུགས་ནས་ལེགས་སྐྱེས་གལ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། སེར་པི་ཡ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཀྲུང་གོའི་ལྟེ་བའི་ཁེ་ཕན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བར་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུང་གོ་ནི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཆུང་བར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་བརྩི་འཇོག་བྱེད་པ། རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་སྲུང་ཞུས་ནས་འཛམ་གླིང་ལ་མིག་དཔེ་བསྟན་ཡོད། སེར་པི་ཡ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་གལ་ཆེན་ལ་རྒྱབ་སྐྱོར་བྱ་རྒྱུ་དང་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་ཞི་བདེ་དང་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད།
གྲོས་མོལ་ཚར་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཆབ་སྲིད་དང་། དཔལ་འབྱོར་ཚོང་དོན། ཚན་རྩལ། སློབ་གསོ། ཁྲིམས་འཛིན། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་ཡིག་ཆ་20ལྷག་ཙམ་ལ་ཐུན་མོང་ཐོག་མཚན་རྟགས་བཀོད་པར་དཔང་པོ་གནང་བ་རེད།
ཕྱོགས་གཉིས་པོས《དུས་རབས་གསར་པའི་ཀྲུང་གོ་དང་སེར་པི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སེར་པི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》དང《གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དོན་འཁྱོལ་བྱེད་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སེར་པི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།
གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཝུའུ་ཆི་ཆི་དང་སྐུ་ཟླ་ཐཱ་མ་ལཱར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
ཝུའུ་ཆི་ཆི་ཕེབས་འབྱོར་ཟིན་སྐབས་གུས་དམག་གིས་གྲལ་འགྲིག་པོས་གུས་འདུད་ཞུས་ཤིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་ལྷན་དུ་གཟིགས་ཞིབ་སྟེགས་བུར་ཕེབས་པ་དང་། དམག་མིའི་རོལ་ཆ་ཚོགས་པས་ཀྲུང་སེར་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ། གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཝུའུ་ཆི་ཆི་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད། དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལའང་གཟིགས་པ་རེད།
ཉིན་དེའི་དགོང་མོར་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཝུའུ་ཆི་ཆི་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།
ཝང་དབྱི་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།