གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 05ཚེས་26ཉིན། 09:55】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་23ཉིན་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བའི་དྲན་གསོའི་ཉིན་མོ་དང་ཏག་ཏག་འཁེལ་བ་དང་། བོད་བརྒྱུད་ནང་བསྟན་གྱི“མཐོ་རམས་པའི”མཚན་གནས་སྤྲོད་པའི་མཛད་སྒོ་སྐབས་ཉེར་གཉིས་པ་པེ་ཅིང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་འཚོགས་ཤིང་། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི《བོད་བརྒྱུད་ནང་བསྟན་གྱི་མཚན་གནས་སྤྲོད་ཐབས》དང་མཚན་གནས་རེ་ཞུའི་ཆ་རྐྱེན་དང་དེ་བཞིན་དཔྱད་བསྡུར་གཏན་འབེབས་ཀྱི་གཏན་འབེབས་གཞིར་བཟུང་། ཐོབ་ཐང་ལ་ཞིབ་བཤེར་དང་། རྟགས་གསལ་གཏོང་བ། དཔྱད་རྩོམ་རྩོད་རྒྱུགས། དཔྱད་མོལ་ཞིབ་གཅོད་བཅས་ཀྱི་གོ་རིམ་ནན་པོ་བརྒྱུད། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པ་དང་། ས་སྐྱ་པ། ཇོ་ནང་པ་བཅས་ཀྱི་དགེ་འདུན་པ་34ལ་བོད་བརྒྱུད་ནང་བསྟན་གྱི“མཐོ་རམས་པའི”མཚན་གནས་ཐོབ་པ་རེད།
བོད་བརྒྱུད་ནང་བསྟན་མཚན་གནས་ལས་དོན་མཛུབ་ཁྲིད་ཨུ་ལྷན་གྱི་ཀྲུའུ་རེན་དང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཡོན་ཀྲང་འཇམ་དབྱངས་བཞད་པས“མཐོ་རམས་པའི”མཚན་གནས་ཐོབ་པའི་དགེ་འདུན་པ་ཚོར་མཚན་གནས་ལག་ཁྱེར་གནང་བ་དང་། བོད་བརྒྱུད་ནང་བསྟན་རིགས་ཁོངས་ཀྱི་འཐུས་ཚབ་པ་དང་བླ་མ་སྐྱེས་ཆེན་སློབ་གནས་སྤྲོད་ཡུལ་དུ་ཕེབས་ནས་ཁོང་ཚོར་རྟེན་འབྲེལ་ཞུས་པ་དང་སྦྲགས་ཐུགས་རེ་ནན་པོ་བཅོལ་གནང་བ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་འབྲེལ་ཡོད་མི་སྣ་སློབ་གནས་སྤྲོད་པའི་མཛད་སྒོར་ཞུགས་པ་རེད། མཚན་གནས་སྤྲོད་པའི་མཛད་སྒོ་མཇུག་འགྲིལ་རྗེས། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས“མཐོ་རམས་པའི”མཚན་གནས་ཐོབ་མཁན་དང་མཇལ་འཕྲད་གནང་བ་རེད།
2004ལོར་བོད་བརྒྱུད་ནང་བསྟན་གྱི་རིམ་པ་གསུམ་པའི་མཚན་གནས་ལམ་ལུགས་ལག་ལེན་བསྟར་བ་ནས་ད་བར། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་དགེ་འདུན་པ་433ལ“མཐོ་རམས་པའི”མཚན་གནས་སྤྲད་པ་དེ་དག་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་བོད་འབྲེལ་ཀྲོའུ་དང་རྫོང་གི་དགོན་སྡེ་གཙོ་བོ་དང་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་ལ་ཁྱབ་ཡོད། རྒྱ་ཆེའི“མཐོ་རམས་པའི”མཚན་གནས་ཐོབ་མཁན་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པ་སོགས་ལ་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།