འཚོལ་བཤེར།   
藏文频道
2026ལོའི་ཟླ་5ཚེས་25ཉིན།

ཞི་ཅིན་ཕིང་གིས་ཧྲན་ཤིས་ཁྲང་ཀྲི་གྲོང་ཁྱེར་ཆིན་ཡོན་རྫོང་གི་རྡོ་སོལ་གཏེར་ཁུལ་ཞིག་གི་ཝ་སི་འབར་གས་
ཀྱི་ལས་འཛོལ་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་སྐབས་ནན་བཤད་གནང་དོན།

༄༅།།ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་དང་ཚན་རིག་དང་མཐུན་པའི་སྒོ་ནས་འཚོལ་སྐྱོབ་སྒྲིག་འཛུགས་བྱས་ཏེ་ལས་
འཛོལ་ཚབས་ཆེན་དང་ཧ་ཅང་ཚབས་ཆེ་རིགས་མ་ཐོན་སྔོན་འགོག་དང་འགོག་ཟོན་མཐའ་གཅིག་ཏུ་བྱེད་དགོས།

ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 05ཚེས་25ཉིན། 14:27】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་22ཉིན་གྱི་ཆུ་ཚོད་19དང་སྐར་མ་29ལ་ཧྲན་ཤིས་ཁྲང་ཀྲི་གྲོང་ཁྱེར་ཆིན་ཡོན་རྫོང་ཧྲན་ཤིས་ཐུང་ཀྲོའུ་ཚོགས་པ་ལིའུ་ཧྲེན་ཡུས་རྡོ་སོལ་ལས་རིགས་ཚད་ཡོད་ཀུང་སིའི་ཁྲོན་འོག་ཏུ་ཝ་སི་འབར་གས་ཀྱི་ལས་འཛོལ་ཐོན་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད་པ་རེད།

     ལས་འཛོལ་ཐོན་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད་མཛུབ་སྟོན་གལ་ཆེན་ཡང་གནང་ཞིང་། ཁོང་གིས། ཧྲན་ཤིས་ཁྲང་ཀྲི་གྲོང་ཁྱེར་ཆིན་ཡོན་རྫོང་གི་རྡོ་སོལ་གཏེར་ཁུལ་ཞིག་གི་ཁྲོན་འོག་ཏུ་ཝ་སི་འབར་གས་ཀྱི་ལས་འཛོལ་ཐོན་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་དང་ཚན་རིག་དང་མཐུན་པའི་སྒོ་ནས་འཚོལ་སྐྱོབ་སྒྲིག་འཛུགས་བྱེད་དགོས་པ་དང་སྦྲགས། རྗེས་འཇུག་ཐག་གཅོད་ལས་དོན་ཡག་པོ་སྒྲུབ་དགོས། ལས་འཛོལ་ཐོན་རྐྱེན་རྩད་གཅོད་གསལ་པོ་བྱས་ཏེ་ཁྲིམས་ལྟར་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས།

     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལས་འཛོལ་གྱི་བསླབ་བྱ་དང་ལེན་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དམ་པོར་འཛིན་པ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་བཅོས་སྒྲིག་གཏིང་ཟབ་བྱས་ཏེ། ལས་འཛོལ་ཚབས་ཆེན་དང་ཧ་ཅང་ཚབས་ཆེ་རིགས་མ་ཐོན་སྔོན་འགོག་དང་འགོག་ཟོན་མཐའ་གཅིག་ཏུ་བྱེད་དགོས། མིག་སྔ་ནི་འབྲུབ་ཆུ་རྒྱས་པའི་དུས་ཡིན་པས་འཕྲལ་སྡོམ་ལས་རེས་ལ་ཤུགས་སྣོན་རྒྱག་པ་དང་འབྲུབ་འགོག་གེགས་སེལ་ལས་དོན་ཡག་པོ་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ཞིང་། ཁོང་གིས། ནུས་ཤུགས་ཡོད་རྒུས་ཉེན་གྱར་མི་སྣ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་བྱེད་པ་དང་། རྗེས་འཇུག་ལས་དོན་ཡག་པོ་སྒྲུབ་པ། དུས་ཐོག་ཏུ་ཡང་དག་ངང་ཆ་འཕྲིན་ཁྱབ་བསྒྲགས་བཅས་བྱས་ཏེ། ལས་འཛོལ་ཐོན་རྐྱེན་གང་མགྱོགས་རྩད་གཅོད་བྱེད་པ་དང་འབྲེལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གིས་ས་གནས་ཁག་དང་འབྲེལ་ཡོད་ཕྱོགས་ཁག་ལ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བར་སྔར་བས་སྐུལ་འདེད་དང་མཛུབ་ཁྲིད་བྱས་པ་དང་། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་དམ་འཛིན་ཏན་ཏིག་བྱས་ཏེ། ལས་འཛོལ་ཚབས་ཆེན་དང་ཧ་ཅང་ཚབས་ཆེ་རིགས་མ་ཐོན་སྔོན་འགོག་དང་འགོག་ཟོན་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་པ་རེད།

     ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཆང་གི་བླང་བྱ་གཞིར་བཟུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་ས་གནས་ས་ཐོག་ཏུ་རོགས་སྐྱོབ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་པ་དང་། ཧྲན་ཤིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་ས་གནས་ས་ཐོག་ཏུ་འཕྲལ་སྡོམ་ཐག་གཅོད་ལས་དོན་ལ་བཀོད་འདོམས་གནང་བཞིན་ཡོད་པ་དང་། ཧྲན་ཤིས་ཞིང་ཆེན་དང་ཁྲང་ཀྲི་གྲོང་ཁྱེར་གྱིས་རྨས་མ་སྐྱོབ་བཅོས་དང་ས་གནས་ས་ཐོག་ཏུ་རོགས་སྐྱོབ་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་བཞིན་ཡོད་པ་དང་། མིག་སྔར་འབྲེལ་ཡོད་ལས་དོན་སྤེལ་བཞིན་ཡོད་པ་རེད།