གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 05ཚེས་16ཉིན། 08:33】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གསོལ་སྟོན་བཤམས་ནས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་རེད།
མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་གློག་འོད་ཁྲ་ཆིལ་ལེར་སྤར་ཡོད་པ་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་སྔ་རྗེས་སུ་ཤིས་ཚིག་བསྒྲོན་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་ཞིང་། ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ཙམ་གྱིས་ལོ་ངོ་5000ལྷག་ཙམ་རིང་གི་ཀྲུང་ཧྭའི་ཤེས་དཔལ་གྱི་རྨང་གཞི་བརྟན་པོར་གཞི་ཚུགས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ད་ལོ་ནི་ཨ་རི་རང་བཙན་བྱུང་ནས་ལོ་250འཁོར་བའི་ལོ་ཡིན་ཞིང་། ཨ་རིའི་མི་དམངས་དུང་ཕྱུར་3ལྷག་ཙམ་གྱིས་རྒྱལ་གཅེས་དང་། གསར་གཏོད། གསར་འབྱེད་བཅས་ཀྱི་སྙིང་སྟོབས་བསྐྱར་དུ་འཕེལ་བར་བྱས་ཏེ་ཨ་རིའི་འཕེལ་རྒྱས་རྒྱང་ལམ་གསར་པའི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་ནི་རླབས་ཆེན་གྱི་མི་དམངས་ཡིན་པས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་དང་ཨ་རི་སླར་ཡང་རླབས་ཆེན་དུ་འགྱུར་བའི་ཐད་འགལ་མེད་མཉམ་གནས་དང་། ཕན་ཚུན་གྲུབ་འབྲས་ཐོབ་པར་འབད་པ། འཛམ་གླིང་ལ་བདེ་སྐྱིད་སྐྲུན་པ་བཅས་རྦད་དེ་སྒྲུབ་ཐུབ།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་55ཡི་གོང་དུ་ཀྲུང་གོ་དང་ཨ་རིས“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”བཙུགས་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་དབར་ལོ་20ལྷག་ཙམ་རིང་ཕྱི་འབྲེལ་མཚམས་བཞག་པའི་སྒོ་མོ་ཕྱེ་བ་དེ་དེང་རབས་རྒྱལ་སྤྱིའི་འབྲེལ་བའི་ལོ་རྒྱུས་ཐོག་གི་དོན་ཆེན་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་རྗེས་ཀྲུང་ཨའི་དབར་སྒོ་དབྱེ་མཉམ་ལས་ཀྱི་གཏམ་རྒྱུད་མང་པོར་བརྟེན་ནས་མཛའ་གྲོགས་ཀྱི་གཏམ་རྒྱུད་ཟམ་མི་ཆད་པར་རྩོམ་བཞིན་ཡོད། དུས་བབ་གསར་པའི་འོག་ང་དང་ཙུང་ཐུང་ཐེ་རོན་ཕུའི་དབར་ཞལ་འཛོམས་དང་ཁ་པར་གཏོང་རེས་ཐེངས་མང་བྱས་པ་དེས་ཀྲུང་ཨའི་འབྲེལ་བ་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་སྐུལ་འདེད་བཏང་ཡོད། ཀྲུང་ཨའི་དབར་གྱི་འབྲེལ་བ་ནི་དེང་སྐབས་འཛམ་གླིང་ཐོག་ཕྱོགས་གཉིས་ཀྱི་འབྲེལ་བ་གལ་ཆེ་ཤོས་ཤིག་ཡིན་པས་ཡག་ཏུ་གཏོང་བ་ལས་སྡུག་ཏུ་གཏོང་མི་རུང་བ་ཞིག་ཡིན་པ་ང་ཚོས་ངོས་འཛིན་གཅིག་མཐུན་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་མཐུན་ན་གཉིས་ཕན་དང་འཐབ་ན་གཉིས་ཕམ་ཡིན་པས་རོགས་ཟླར་འགྱུར་དགོས་པ་ལས་ཁ་གཏད་དུ་ལངས་མི་རུང་། ང་ཚོས་ཀྲུང་ཨའི་དབར་དགེ་མཚན་ལྡན་པའི་འཐབ་ཇུས་ཀྱི་འབྲེལ་བ་བརྟན་པོ་བཙུགས་ནས། ཀྲུང་ཨའི་འབྲེལ་བ་བརྟན་ལྷིང་དང་། སྐྱོན་བྲལ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་བཏང་སྟེ་འཛམ་གླིང་ལ་དེ་བས་མང་བའི་ཞི་བདེ་དང་། དར་རྒྱས། ཡར་ཐོན་བཅས་ཡོང་བར་བྱེད་པའི་མོས་མཐུན་ཡོད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཨའི་འབྲེལ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་ཕྱོགས་ཡོངས་ནས་བལྟས་ཚེ། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཁེ་བཅས་ཡོང་མིན་ནི་ཕྱོགས་གཉིས་པོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་མིན་གྱི་འགག་རྩ་ཡིན། ཀྲུང་ཨའི་འབྲེལ་བར་རྒྱལ་ཁབ་གཉིས་པོའི་མི་དམངས་དུང་ཕྱུར་17ལྷག་ཙམ་གྱི་བདེ་རྩ་འདུས་ཡོད་ལ། འཛམ་གླིང་གི་མི་དམངས་དུང་ཕྱུར་80ལྷག་ཙམ་གྱི་ཁེ་ཕན་དང་ཡང་འབྲེལ་བ་ཡོད། ང་ཚོས་ལོ་རྒྱུས་ཀྱི་ལས་འགན་ལྕི་པོ་མཉམ་དུ་ཕྲག་ཐོག་ཏུ་ཁུར་ནས་ཀྲུང་ཨའི་འབྲེལ་བའི་གྲུ་གཟིངས་ཆེན་པོ་དེ་ཡང་དག་པའི་གྲུ་ལམ་བརྒྱུད་བརྟན་པོའི་ངང་མདུན་སྐྱོད་ཐུབ་པར་སྐུལ་འདེད་གཏོང་དགོས།
ཐེ་རོན་ཕུ་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་རང་ཀྲུང་གོར་འཚམས་འདྲིར་ཡོང་བར་སྤྲོ་སེམས་འཁོལ་པོས་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། དེ་རིང་ནི་དོན་སྙིང་ལྡན་པའི་ཉིན་མོ་ཞིག་དང་ད་ཐེངས་ནི་འཚམས་འདྲི་གལ་ཆེན་ཞིག་ཡིན་པས། ཕྱོགས་གཉིས་པོས་དགེ་མཚན་ལྡན་པའི་གླེང་མོལ་ཧུར་ཐག་བྱས་ཡོད། ཨ་རིའི་མི་དམངས་དང་ཀྲུང་གོའི་མི་དམངས་དབར་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་བརྩི་འཇོག་བྱེད་ཀྱི་ཡོད་པས་མཛའ་གྲོགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཨ་ཀྲུང་འབྲེལ་བ་ནི་འཛམ་གླིང་ཐོག་གི་ཕྱོགས་གཉིས་པོའི་འབྲེལ་བ་གལ་ཆེ་ཤོས་ཤིག་ཡིན་པས། རྒྱལ་ཁབ་གཉིས་པོས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་འཛམ་གླིང་ལ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།
ལི་ཆང་དང་། ཚའེ་ཆི། ཝང་དབྱི། ཧོ་ལི་ཧྥུང་སོགས་གསོལ་སྟོན་ལ་ཞུགས་ཡོད་པ་རེད།