གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 05ཚེས་13ཉིན། 13:21】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་གྱི་གསར་འགོད་པ། ཏའེ་ལིན་ཧྥེང་། ཞུས་ཡུས་ཡའོ།
“རླུང་ནུས”དང“འོད་ནུས”ལ་བརྟེན་པས་གངས་ལྗོངས་ས་མཐོར་འོད་མདངས་རབ་ཏུ་འཕྲོ།
ས་བབ་སྨི་4650ཟིན་པའི་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་ལྕོག་དབྱིབས་འོད་དྲོད་གློག་ཁང་སྟེ་བོད་ལྗོངས་ཨ་མདོའི་ཐུའུ་ཧྲུའོ་ཀྲའོ་ཝ་100ཡི་འོད་དྲོད་རྣམ་གྲངས་ལ་འཕེལ་རིམ་གསར་པ་བྱུང་ཞིང་། མི་རིང་བའི་གོང་ཉི་གཏད་ཤེལ་ལེབ་15927ཚང་མ་སྒྲིག་སྦྱོར་ཟིན་ནས། རིམ་པ་བསྟར་ཆགས་སུ་གནས་ལ་འོད་ཆེམ་ཆེམ་འཕྲོ་བཞིན་ཡོད་པ་རེད།
ཀྲའོ་ཝ་6.25ཟིན་པའི་བོད་ལྗོངས་ཀྱི་འཕྲུལ་ཚན་རྐྱང་པའི་གློག་འདོན་ཤུགས་ཆེ་ཤོས་ཀྱི་རླུང་གློག་འཕྲུལ་ཚན་སྟེ་ལྷོ་ཁ་གྲོང་ཁྱེར་ཧྭ་ནུས་ཚའེ་ཕུང་རླུང་གློག་རྣམ་གྲངས་ཀྱི་འཕྲུལ་ཚན་ཁག་དང་པོ་ནས་ཟླ་2ཚེས་8ཉིན་གློག་དྲ་སྦྲེལ་ནས་གློག་གཏོང་འགོ་ཚུགས་པ་དང་། ད་བར་རིམ་རྩིས་བརྒྱབ་ན་གློག་ཆུ་ཚོད་ཆན་ཝ་ཁྲི་142ལྷག་ཙམ་བཏང་ཡོད་པ་རེད།
ན་ནིང་ཟླ་བ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས། “ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ཆ་ལྡན་པའི་ཐོན་ལས་དང་ལྷག་པར་དུ་ཁྱད་ལྡན་ཞིང་འབྲོག་ལས་དང་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཐོན་ཁུངས་ལས་སྣོན་ལས་རིགས་རྒྱུན་མཐུད་འཕེལ་རྒྱས་གཏོང་བ། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་གསུངས་ཡོད་པ་རེད།
མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་དངོས་སྒྲུབ་ཡར་བརྩོན་བྱས་ཤིང་། 2025ལོར། བོད་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་གློག་ཤུགས་ཀྱི་འཕྲུལ་ཚན་ནས་གློག་འདོན་ཚད་ཆན་ཝ་ཁྲི་1300ལྷག་ཙམ་ཟིན་པ་དང་། ནུས་རྒྱུ་གཙང་མའི་གློག་འདོན་ཚད་99%ལྷག་ཙམ་ཟིན་ནས་རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཀྱི་བསྡུར་ཚད་མཐོ་ཤོས་བཟུང་བའི་ས་ཁུལ་ལ་གྱུར་ཡོད་པ་རེད།
བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་མལ་གྲོ་གུང་དཀར་གྱི་ཀྲའོ་ཝ་100ཡི་འབྲོག་ལས་དང་འོད་ནུས་གསབ་རེས་མཉམ་འདུས་རྣམ་པའི་འོད་ཤུགས་གློག་གཏོང་རྣམ་གྲངས་གནས་ཡུལ་དུ་འོད་ཤུགས་ཤེལ་ལེབ་མང་པོ་གྲལ་སྟར་འགྲིག་པོར་གནས་ཡོད། རྣམ་གྲངས་ལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་5.4ཙམ་བཏང་ཞིང་། ན་ནིང་ཟླ་བ་11པར་གློག་དྲ་སྦྲེལ་ནས་གློག་གཏོང་འགོ་ཚུགས་པ་དང་། སྔོན་དཔག་བྱས་ན་ལོ་རེར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1.77ཙམ་ཟིན་རྒྱུ་ཡིན་པ་རེད།
འོད་ཤུགས་ཤེལ་ལེབ་ཀྱིས་ཉི་མ་དང་ལྷགས་པ་འགོག་པ་དང་། འོད་ཤུགས་ཤེལ་ལེབ་བཀྲུ་བའི་ཆུ་ཡིས་ས་གཞི་བརླན་པས་རྩ་དང་རྩི་ཤིང་སྐྱེ་འཚར་ཡག་པོ་བྱུང་ཞིང་། མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་སློང་མདའ་གྲོང་ཚོའི་ཡུལ་མི་བསྟན་འཛིན་ནོར་བུས“གཟན་རྩྭ་དེ་བས་སྔོ་བ་དང་། ནོར་ལུག་དེ་བས་ཤ་ཤེད་རྒྱས་པ། མང་ཚོགས་ལ་ཡོང་འབབ་དེ་བས་མང་པོ་རག་པ་བཅས་བྱུང་ཡོད” གྲོང་ཚོའི་མཉམ་སྡེབ་ལ་ལོ་ལྟར་འོད་ཤུགས་རྣམ་གྲངས་ཀྱི་ས་ཆའི་བོགས་དངུལ་སྒོར་ཁྲི་200ལྷག་ཙམ་རག་གི་ཡོད་པས། ཡུལ་མི་ཚོར་ལོ་མཇུག་ཏུ་ཁེ་སྤོགས་བགོ་རྒྱུ་ཡོད། ཉི་མ་དང་རྩྭ་ར་སོགས་ཀྱི་སྐྱེ་ཁམས་བཟང་པོར་བརྟེན་ནས་ཡོང་འབབ་ཡག་པོ་ཡོང་གི་འདུག་ཅེས་བརྗོད།
“འཛམ་གླིང་གི་ཡང་རྩེར”གནས་པའི་བོད་ལྗོངས་ནི་རང་རྒྱལ་གྱི་ཉི་འོད་འགྱེད་འཕྲོ་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་པས། རླུང་ནུས་དང་ཆུ་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ་ཞེ་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དགེ་སྤེལ་སྐྱོན་སྤོང་དང་ཡུལ་བབ་དང་བསྟུན་དགོས་པ”དང“བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས”ཞེས་ཁ་ཕྱོགས་གསལ་སྟོན་གནང་ཡོད་པ་རེད།
རང་བྱུང་གི་ས་བབ་ཀྱི་ལེགས་ཆ་དེ་ཉིད་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་འགྱུར་བར་བྱ་ཆེད། བོད་ལྗོངས་ཀྱིས་རླུང་ནུས་དང་ཉི་ནུས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ན་ནིང་ལོ་སྨད་དུ། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.2ཙམ་བཏང་བའི་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་532ཙམ་བཏང་བའི་བོད་ལྗོངས་དང་ཀོང་ཏུང་གི་ཐད་རྒྱུག་གློག་འདྲེན་ལས་གྲྭ་སྔ་རྗེས་སུ་སྐྲུན་འགོ་ཚུགས་ཡོད་པ་རེད།
2015ལོར“བོད་གློག་ཕྱིར་གཏོང”ཐེངས་དང་པོ་བྱས་ཚུན། བོད་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན་ནུས་རྒྱུ་གཙང་མའི་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་164ཙམ་ཕྱིར་གཏོང་བྱས་པ་དེ་དབྱང་གཉིས་ཐན་འགྱུར་འབུད་ཚད་ཏུན་ཁྲི་1414ཉུང་དུ་བཏང་བ་དང་ཧ་ལམ་མཚུངས་པ་དང་། དེ་ཞིང་ཆེན་19ལ་ཁྱབ་ཡོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་གཞིར་བཟུང་། ས་གནས་ཁག་གིས་རང་སོའི“ཁྱད་ཆོས”འདོན་སྤེལ་བྱས་པས། ཁྱད་ཆོས་དང་ལེགས་ཆ་དེ་བས་མངོན་གསལ་དོད་པོར་གྱུར་ཡོད་པ་རེད།
མིག་སྔར། རྒྱལ་ཡོངས་སུ་རྒྱལ་ཁབ་རིམ་པའི་ཁེ་ལས་འབྲིང་ཆུང་གི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་ཁྱོན་397སྐྱེད་སྲིང་བྱས་པ་དང་། དེ་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་ལ་ཞིང་ཆེན་རིམ་པའི་ཁྱུ་ཚོགས་1400ལྷག་ཙམ་སྐྱེད་སྲིང་བྱེད་པར་སྐུལ་ཁྲིད་བྱས་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་རེད།