འཚོལ་བཤེར།   
藏文频道
2026ལོའི་ཟླ་5ཚེས་11ཉིན།

༄༅།།ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གནོད་འཚེ་དོ་དམ་མཉམ་ལས་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 05ཚེས་11ཉིན། 09:47】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཅ་ཁར་ཐ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གནོད་འཚེ་དོ་དམ་མཉམ་ལས་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པའི་མཛད་སྒོ་ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐར་ཡོད་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་རུ་འཚོགས་ཤིང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཆེ་ཀའོ་ཅིན་ཧུང་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཆིང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གནོད་འཚེ་དོ་དམ་ཨུ་ལྷན་གྱི་དཔོན་རིགས། དེ་བཞིན་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་གི་རྒྱུན་སྡོད་འཐུས་མི་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།

2026ལོ་ནི“ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་5འཁོར་བའི”བརྗོད་དོན་གཙོ་བོའི་ལོ་རེད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གནོད་འཚེ་དོ་དམ་མཉམ་ལས་རྣམ་གྲངས་ལག་ལེན་བསྟར་འགོ་བཙུགས་པའི་དམིགས་ཡུལ་ནི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་མི་ཤུགས་ཐོན་ཁུངས་གསོ་སྦྱོང་བྱས་ཏེ། འཕྲལ་སྡོམ་བཀོད་འདོམས་དང་ཞིབ་འཇུག་བརྡར་གཅོད་ཀྱི་ལག་རྩལ་དང་སྒྲིག་ཆས་ཀྱི་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོའི་གནོད་འཚེའི་སྔོན་ཚུད་ཀྱི་ཉེན་བརྡ་དང་ཁ་གཏད་གཅོག་པའི་ཉམས་མྱོང་དང་བྱེད་སྟངས་མཉམ་སྤྱོད་བྱེད་པ། ལག་རྩལ་སྤེལ་རེས་དང་། ཐོན་ཁུངས་གསབ་རེས། ཉམས་མྱོང་ཕན་ཚུན་དཔྱད་འཛིན་བཅས་བྱས་ནས་ཁུལ་ཁོངས་ཀྱི་ཐུན་མོང་གི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་རེད།