འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་28ཉིན།

༄༅།།དྲ་སྦྲེལ་བརྡ་ཆའི་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་བྱ་སྤྱོད་སྤེལ་འགོ་ཚུགས་པ།

བྱ་སྤྱོད་དེ་ལོ་ཕྱེད་ཙམ་སྤེལ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་28ཉིན། 14:18】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《དྲ་སྦྲེལ་བརྡ་ཆའི་སྐྱེ་ཁམས་བཅོས་སྐྱོང་ལས་དོན་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》དང《དྲ་སྦྲེལ་བརྡ་ཆའི་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་གི་གཙོ་གནད་ལས་འགན》བཀྲམ་སྟེ། དྲ་སྦྲེལ་བརྡ་ཆའི་སྐྱེ་ཁམས་བཅོས་སྐྱོང་ལས་དོན་གཏིང་ཟབ་སྤེལ་རྒྱུར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་ཆབས་ཅིག དུས་ཡུན་ལོ་ཕྱེད་ཙམ་གྱི་དྲ་སྦྲེལ་བརྡ་ཆའི་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུའི་གཏན་འཁེལ་བྱས་པ་རེད།

མིག་སྔར་རང་རྒྱལ་གྱི་དྲ་སྦྲེལ་བརྡ་ཆའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་གཞི་གྲངས་ཀྱིས་སྐུལ་འདེད་གཏོང་བ་དང་ལག་རྩལ་གྱིས་མཐུན་རྐྱེན་སྦྱོར་བའི་རྙོག་འཛིང་ཆེ་བའི་སྐྱེ་ཁམས་ཆགས་མོད། འོན་ཀྱང་དྲ་སྦྲེལ་བརྡ་ཆར་བསམ་བཀོད་ལ་སྣང་ཆུང་དང་སྦིར་བསྒྲགས་བཟོ་བར་སྣང་ཆེན་སོགས་ཀྱི་གནད་དོན་རྙིང་པ་སྔར་བཞིན་གནས་པ་དང་། མི་ཐབས་རིག་ནུས་གང་བྱུང་དུ་སྤྱོད་པ་དང་དྲ་རྒྱུན་དོན་གཉེར་བྱས་དྲགས་པ་སོགས་ཀྱི་གནད་དོན་གསར་པ་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད་པས། ངེས་པར་དུ་དྲ་སྦྲེལ་བརྡ་ཆའི་སྐྱེ་ཁམས་བཅོས་སྐྱོང་གཏིང་ཟབ་སྤེལ་བའི་མཐོ་ཚད་ནས་བརྒྱུད་རིམ་ལྡན་པའི་ལག་བསྟར་དང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་དགོས་ཀྱི་ཡོད། དེའི་ཐད་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《དྲ་སྦྲེལ་བརྡ་ཆའི་སྐྱེ་ཁམས་བཅོས་སྐྱོང་ལས་དོན་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ“དྲ་སྦྲེལ་བརྡ་ཆའི་སྐྱེ་ཁམས་བཅོས་སྐྱོང”ཐོག་མར་བཏོན་ནས། དྲ་སྦྲེལ་བརྡ་ཆའི་ལྟ་འདོམས་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། དྲ་སྦྲེལ་ལས་སྟེགས་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ། གཙོ་གནད་ཁྱབ་ཁོངས་དང་ལས་རྣམ་གསར་པའི་བརྡ་ཆར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་ཞིབ་ཚད་ལེན་ལག་རྩལ་དང་ཁྲིམས་སྒྱུར་གྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བརྡ་ཆའི་དྲིལ་བསྒྲགས་སྟོན་ཕྱོགས་དང་རིན་ཐང་གི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་ཕྱོགས་ལྔའི་ཐད་ཀྱི་བཅོས་སྐྱོང་ལས་འགན་བཀོད་སྒྲིག་བྱས་ཏེ་དྲ་སྦྲེལ་བརྡ་ཆའི་སྐྱེ་ཁམས་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་ཆེད་སྤྱིའི་འཆར་གཞི་བཀོད་ཡོད།

ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་དྲ་སྦྲེལ་བརྡ་ཆའི་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དྲ་སྦྲེལ་བརྡ་ཆའི་སྐྱེ་ཁམས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཚད་བརྒལ་བྱ་གཞིར་བྱས་ནས་དུས་ཡུན་ལོ་ཕྱེད་ཙམ་གྱི་བཅོས་སྒྲིག་བྱ་སྤྱོད་སྤེལ་ཏེ་མང་ཚོགས་ཀྱིས་གླེང་མང་བའི་དྲ་སྦྲེལ་བརྡ་ཆའི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་བ་དང་། དྲ་སྦྲེལ་བརྡ་ཆའི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱས་ཏེ་དྲ་སྦྲེལ་བརྡ་ཆའི་སྐྱེ་ཁམས་བཅོས་སྐྱོང་གི་ཕྱོགས་གཞན་དག་ཐད་ཀྱི་ལས་དོན་ལ་རྨང་གཞི་བརྟན་པོ་འདིང་རྒྱུར་སྐུལ་འདེད་གཏོང་ཆེད་རྣམ་པ་བཟང་པོ་སྐྲུན་རྩིས་ཡོད། དེའི་ཐད་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《དྲ་སྦྲེལ་བརྡ་ཆའི་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་གི་གཙོ་གནད་ལས་འགན》བཀྲམ་སྟེ་དྲ་སྦྲེལ་བརྡ་ཆའི་སྟོན་ཕྱོགས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐད་གཏོང་ཟོག་ཚོང་ཁྲོད་ཀྱི་བརྡ་ཆའི་བྱེད་སྒོར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། མི་ཐབས་རིག་ནུས་ཀྱིས་བཟོས་པའི་བརྡ་ཆར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། དྲ་སྦྲེལ་གྱི་ཧོབ་ཐོན་སྐར་ཁུང་གི་བརྡ་ཆ་ཚད་ལྡན་དུ་གཏོང་ཤུགས་ཆེ་རུ་གཏོང་བ། “སྟར་སྒྲིག་རྣམ་པའི”དྲ་སྦྲེལ་བརྡ་ཆ་གཏོང་སྤེལ་བྱེད་སྤྱོད་ཚད་ལྡན་དུ་གཏོང་ཤུགས་ཆེ་རུ་གཏོང་བ། དྲ་སྦྲེལ་ལས་སྟེགས་ཀྱི་བྱེད་པོའི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་བཅས་ཕྱོགས་དྲུག་ལ་དམིགས་ནས་ལས་འགན་ཞིབ་ཚགས་སུ་གཏོང་བ་དང་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ཤུགས་གནད་སྨིན་བཏོན་ནས་དྲ་སྦྲེལ་བརྡ་ཆའི་ཁྲོམ་རའི་སྒྲིག་ལམ་ཡག་པོ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་རྒྱུ་རེད།