འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་21ཉིན།

སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཀྱི་བྱ་ཐབས་ཁག་14ལ་བརྟེན་ནས་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།

༄༅།།ཁྱིམ་གྱི་སྒོ་རྩ་ནས་སྨན་བཅོས་ཡག་པོ་ཐུབ་པར་བྱས་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། སུན་ཤིའུ་ཡན།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་21ཉིན། 13:58】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཉམ་དུ《སྨན་བཅོས་འགན་བཅོལ་གྱིས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་སྟེ། གཞི་རིམ་མང་ཚོགས་ཀྱི་ནད་གཞི་སྨན་བཅོས་ཡག་པོ་ཐུབ་པར་འགན་ལེན་ཏན་ཏིག་ཡོང་བར་དམིགས་ནས། ཞིབ་ཕྲའི་བྱ་ཐབས་ཁག་14བཏོན་པ་བརྒྱུད། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་འཕེལ་རྒྱས་ཡོང་བ་དང་། འགན་བཅོལ་ལ་ཞུགས་མཁན་མང་ཚོགས་ལ་ཕན་པ་ཐོབ་པ། སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་རྒྱུན་མཐུད་ཆོག་པ་བཅས་ཐད་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

     ཞིབ་ཕྲའི་བྱ་ཐབས་དེ་དག་ལ་ནང་དོན་གཙོ་བོ་གང་དག་འདུས་པ་དང་ནུས་པ་ཇི་ལྟར་འདོན་རྒྱུའི་ཐད། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་རིགས་གཅིག་མཁས་ཅན་སོགས་ཀྱིས་གསལ་འགྲེལ་བྱས་པ་རེད།

     ལོ་འཁོར་གྱི་གསར་འཕར་སྨན་བཅོས་འགན་བཅོལ་ཐེབས་རྩ་གཞི་རིམ་ལ་འོས་འཚམ་ཕྱོགས་རྒྱུ་ཡིན་པ།

     2025ལོ་བར། རྒྱལ་ཡོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་གྲངས་འབོར་ཁྲི་105.5ཟིན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཕྱོགས་ཡོངས་ལ་སྤྱིར་ན་ཁྱབ་ཡོད། མང་ཚོགས་ཀྱི་ཐག་ཉེ་ས་དང་སྟབས་བདེ་ས་དང་། སྣ་མང་ཅན། སོ་སོའི་ཁྱད་ཆོས་ལྡན་པ་བཅས་ཀྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དགོས་མཁོ་དང་བསྡུར་ན། དཔེ་བསྡུར་འཛུགས་སྐྲུན་རིམ་དབྱེ་བརྟག་དཔྱད་སྨན་བཅོས་མ་ལག་གི་བླང་བྱའི་དབར་གཞི་རིམ་གྱི་ཞན་ཆ་ཡིན་པས། ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས། “མཛུབ་ཁྲིད་བསམ་འཆར་ནང་གཞི་རིམ་སྟོབས་ཆེར་གཏོང་བ་དང་། རྨང་གཞི་བརྟན་དུ་གཏོང་བ། གཞི་རྩར་འགན་ལེན་བྱེད་པ་བཅས་ལ་དམིགས་ཏེ། སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཀྱི་ཚད་ཤིང་གི་ནུས་པ་མཛུབ་ཁྲིད་དུ་བྱས་ནས་གཞི་རིམ་གྱི་ཞབས་ཞུའི་ནུས་པ་ཆེར་གཏོང་ཐད་རྒྱབ་སྐྱོར་བྱེད་པར་གཞི་ཚུགས་ཏེ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་མང་ཚོགས་ཀྱི་བདེ་ཐང་སྲུང་མཁན་དང་སྨན་བཅོས་འགན་བཅོལ་ཐེབས་རྩ་སྲུང་མཁན་གྱི་ཕན་ནུས་ཆེ་རུ་གཏོང་དགོས”ཞེས་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་སྨན་བཅོས་ཞབས་ཞུ་དོ་དམ་སིའི་སི་ཀྲང་གཞོན་པ་ཞུས་ནཱ་ཡིས་བརྗོད་པ་རེད།

     གཞི་རིམ་གྱི་ཐེབས་རྩའི་ཡོང་འབབ་ལ་འགན་སྲུང་སྔར་བས་ནུས་ལྡན་བྱས་ཤིང་། མཛུབ་ཁྲིད་བསམ་འཆར་ནང་། སྨན་བཅོས་འགན་བཅོལ་ཐེབས་རྩའི་ས་ཁོངས་ཀྱི་སྤྱི་འབོར་དོ་དམ་ལེགས་སུ་བཏང་བ་དང་། ཐེབས་རྩ་འཁོར་སྐྱོད་བརྟན་པོ་ཡོང་བར་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་སྤྱི་འབོར་སྒྲིག་ཁོངས་ཀྱི་གྲུབ་ཆ་ལེགས་སུ་བཏང་བ་བརྒྱུད། གཞི་རིམ་ལ་རྒྱབ་སྐྱོར་བྱས་ཏེ་ལོ་འཁོར་གྱི་གསར་འཕར་སྨན་བཅོས་འགན་བཅོལ་ཐེབས་རྩ་གཞི་རིམ་ལ་འོས་འཚམ་ཕྱོགས་རྒྱུ་ལུགས་མཐུན་ཡོང་བར་བྱ་རྒྱུ་རེད། འབྲེལ་བ་དམ་ཟབ་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པའི་སྤྱི་འབོར་ལ་གཞིགས་པའི་དངུལ་སྤྲོད་འཐུས་སྒོ་ཚང་དུ་བཏང་ནས་སྨན་བཅོས་གཅིག་མཐུན་ཚོགས་པའི་སྤྱི་འབོར་དང་། ལས་རྗེས་དཔྱད་ཞིབ། ལྷག་འཕྲོ་ཉར་སྤྱོད་སོགས་ལ་གཙོ་གནད་དུ་བླང་བྱ་བཏོན་པ་དང་། སྨན་བཅོས་གཅིག་མཐུན་ཚོགས་པའི་ལྷག་འཕྲོ་བཀོད་སྒྲིག་དེ་གཞི་རིམ་དུ་ཕྱོགས་དགོས་པ་ཁ་གསལ་བསྟན་ཡོད།

      ཁྱད་པར་ཅན་གྱི་ཐོབ་ཐང་སྲིད་ཇུས་དང་ཡུན་རིང་སྤྱོད་པའི་སྨན་ཐོའི་བཀག་རྒྱ་ལྷུག་ཏུ་བཏང་ནས་ནད་པ་གཞི་རིམ་དུ་སྨན་བཅོས་ཐུབ་པར་ཁྲིད་སྟོན་བྱ་རྒྱུ་ཡིན་པ།

     འཚོ་བ་ལེགས་སུ་ཕྱིན་པ་དང་འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པས། ནད་གཞི་ཆུང་ཙག་ཡིན་ནའང་མང་ཚོགས་ཁག་གཅིག་སྨན་ཁང་ཆེ་གྲས་སུ་སྨན་བཅོས་བྱེད་པར་འགྲོ་འདོད་བྱེད་ཀྱི་ཡོད། དོན་དངོས་ཐོག་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིས་སྨན་བཅོས་ཀྱི་དགོས་མཁོ་དེ་རིགས་སྐོང་ཐུབ་པ་དང་དུས་མཚུངས་སུ་རིམ་པ་མཐོ་བའི་སྨན་ཁང་གིས་ཀྱང་རྙོག་འཛིང་ཆེ་བའི་ནད་གཞིའི་སྨན་བཅོས་དང་ཚན་ཞིབ་ལ་དེ་བས་ཀྱང་དོ་སྣང་བྱེད་དགོས། དེས་ན་ནད་གཞི་གཞི་རིམ་དུ་སྨན་བཅོས་བྱེད་པར་ཁྲིད་སྟོན་ཇི་ལྟར་བྱེད་དགོས་སམ་ཞེ་ན།

     ཞུས་ནཱ་ཡིས། མཛུབ་ཁྲིད་བསམ་འཆར་ནང་དེ་བས་གོ་ཆོད་པའི་སྒོ་བསྟེན་སྨན་བཅོས་ཀྱི་འགན་སྲུང་སྲིད་ཇུས་བཏོན་ཡོད། དེའི་ནང་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་སྤྱིར་བཏང་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་སྲིད་ཇུས་ཁྱབ་ཁོངས་ཀྱི་གཏོང་སྤྲོད་བསྡུར་ཚད་50%ལས་མི་དམའ་བ་དང་གྲོང་མིའི་སྨན་བཅོས་འགན་བཅོལ་སྲིད་ཇུས་ཁྱབ་ཁོངས་སུ་གཏོང་སྤྲོད་བསྡུར་ཚད་50%ལས་མི་དམའ་བ་བྱེད་པ་དང་། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་གཞི་རིམ་ལ་ཕྱོགས་རྒྱུར་སྐུལ་ལྕག་བཏང་ནས་གཞི་རིམ་གྱིས་ཆ་རྐྱེན་དང་འཚམ་པའི་གཅོང་ནད་ཀྱི་ནད་པར་ཡུན་རིང་སྤྱོད་པའི་སྨན་ཐོ་འབྲི་བར་རྒྱབ་སྐྱོར་བྱེད་པ། སྨན་ཁང་དུ་སྡོད་པའི་ཁྱད་པར་ཅན་གྱི་ཐོབ་ཐང་སྲིད་ཇུས་དོན་འཁྱོལ་བྱས་ནས་རིམ་པ་མི་འདྲ་བའི་སྨན་ཁང་སྒྲིག་གཞིའི་རྩིས་ཞུའི་བསྡུར་ཚད་འོས་འཚམ་མཐོ་རུ་གཏོང་བ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་སྨན་ཁང་དུ་སྡོད་པའི་ཐོག་མའི་དངུལ་སྤྲོད་གཏན་འཁེལ་ལུགས་མཐུན་བཟོ་བ་སོགས་ཚུད་ཡོད་ཅེས་བརྗོད་པ་རེད།

     རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གཞི་རིམ་སིའི་འཁོར་སྐྱོད་གདེང་འཇོག་ཁྲུའི་ཁྲུའུ་ཀྲང་ཧུའུ་ཐུང་ཡུས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། གཞི་རིམ་གྱི་སྨན་སྤྱོད་ཁྱབ་ཁོངས་འབྲེལ་མཐུད་དང་ཆེར་གཏོང་བྱེད་ཚད་ལ་ཤུགས་སྣོན་བརྒྱབ་སྟེ། ཡིག་ཆའི་ནང་བཏོན་པའི་སྨན་བཅོས་གཅིག་མཐུན་ཚོགས་པའི་ནང་གི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་སྣེ་ཁྲིད་སྨན་ཁང་གི་སྨན་སྤྱོད་དཀར་ཆག་གཅིག་གྱུར་ཡོང་བ་དང་། གྲོང་གསེབ་གཞི་གཅིག་ཅན་གྱི་དོ་དམ་ནང་འཇུག་རྒྱུ་དང་དེ་བཞིན་གྲོང་ཚོའི་འཕྲོད་བསྟེན་ཁང་དང་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་སྨན་སྤྱོད་དཀར་ཆག་གཅིག་གྱུར་བྱ་རྒྱུ་རེད། དེ་དང་ཆབས་ཅིག་སྨན་པ་དཀའ་བཅུ་པའི་གཤམ་སྐྱོད་ཞབས་ཞུ་དང་སྨན་ཁང་གོང་འོག་ཕན་ཚུན་སྒྱུར་བའི་ནད་པའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་གཙོ་གནད་མི་ཚོགས་དང་ནད་རིགས་གཙོ་བོར་འཇོག་པ་དང་། “ནད་བབ་དང་བསྟུན་ནས་སྨན་མཁོ་སྤྲོད”མཐའ་འཁྱོངས་བྱེད་པ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གཞི་རིམ་གྱི་སྨན་རྫས་མཁོ་འདོན་བྱེད་མང་དུ་གཏོང་བ་བཅས་བྱས་ཏེ“ནད་རིགས་གཅིག་དང་སྨན་རྫས་གཅིག་དང་བཅོས་ཐབས་གཅིག”མངོན་འགྱུར་ཡོང་བར་བྱ་རྒྱུ་རེད།

     སོ་སོའི་ཁྱད་ཆོས་ལྡན་པའི་ཞབས་ཞུའི་ཁུག་མས་མང་ཚོགས་ཀྱི་དགོས་མཁོ་སྣ་མང་ཅན་སྐོང་རྒྱུ་མ་ཟད། སྨན་པའི་ཧུར་སེམས་ཀྱང་སྐུལ་སློང་བྱ་རྒྱུ་ཡིན་པ།

      ཁྱིམ་ཚང་སྨན་པ་ནི་མང་ཚོགས་ཀྱི“བདེ་ཐང་སྲུང་མཁན”ཡིན། མཛུབ་ཁྲིད་བསམ་འཆར་ནང་ཁ་གསལ་བཏོན་དོན། གཞི་རིམ་གྱིས་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུ་སྣ་མང་ཅན་སྤེལ་བར་རྒྱབ་སྐྱོར་བྱེད་དགོས། ཡུལ་བབ་དང་བསྟུན་ནས་གན་རྒྱ་འཇོག་པའི་གཞི་རྩའི་ཞབས་ཞུའི་ཁུག་མ་དང་སོ་སོའི་ཁྱད་ཆོས་ལྡན་པའི་ཞབས་ཞུའི་ཁུག་མ་ཞིབ་ཕྲ་བཟོ་དགོས། གཞི་རྩའི་ཞབས་ཞུའི་ཁུག་མའི་ནང་སྨན་བཅོས་འགན་བཅོལ་ཁྲོད་བཅུག་རིགས་ལ་གཏན་འབེབས་ཀྱི་ཨང་སྒྲིག་དང་སྨན་བཅོས་འགན་བཅོལ་ལྟར་གཏོང་སྤྲོད་བྱེད་དགོས། སོ་སོའི་ཁྱད་ཆོས་ལྡན་པའི་ཞབས་ཞུའི་ཁུག་མ་གན་རྒྱ་བཞག་པའི་གཞི་རིམ་སྒྲིག་གཞིས་རྫོང་རིམ་པའི་འཕྲོད་བསྟེན་བདེ་ཐང་སྡེ་ཚན་ལ་ཐོ་འགོད་སྙན་སེང་ཞུས་རྗེས་དེའི་འགྲོ་གྲོན་མི་སྒེར་གྱིས་སྤྲོད་དགོས།

     “མིག་སྔར་ཁྱིམ་ཚང་སྨན་པའི་གན་རྒྱ་བཞག་པའི་ཞབས་ཞུ་མང་ཆེ་བ་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་དང་རྨང་གཞིའི་སྨན་བཅོས་ཁོ་ན་ཡིན་པས། གྲོང་མིས་གན་རྒྱ་འཇོག་འདོད་དེ་ཙམ་བྱེད་ཀྱི་མེད། གཞི་རིམ་གྱིས་ཁྱིམ་ཚང་སྨན་པའི་གན་རྒྱ་བཞག་པའི་ཞབས་ཞུ་སྣ་མང་ཅན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ནས་གཏན་འབེབས་དང་ཐོ་འགོད་སྙན་སེང་བྱེད་པ་དང་འབྲེལ། སོ་སོའི་ཁྱད་ཆོས་ལྡན་པའི་ཞབས་ཞུའི་ཁུག་མའི་གྲོན་དངུལ་བསྡུ་རྒྱུར་སྐུལ་ལྕག་བཏང་སྟེ། ཁྱིམ་ཚང་སྨན་པའི་ཞབས་ཞུ་སྤུས་འབྲས་ལེགས་གཉེར་ཡོང་བར་འདེགས་སྐྱོར་བྱ་རྒྱུ་ཡིན”ཞེས་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཉི་མའི་ཕོ་བྲང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧྲའོ་ཐེན་དབྱིས་བརྗོད་པ་རེད།

     རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་འཕྲོད་བསྟེན་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་བདེ་ཐང་འཐབ་ཇུས་དང་ཞབས་ཞུའི་མ་ལག་ཞིབ་འཇུག་པུའི་པུའུ་ཀྲང་གཞོན་པ་མིའོ་ཡན་ཆིང་གིས། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩའི་གཏོང་སྤྲོད་དེ་མང་ཚོགས་ཀྱི་བདེ་ཐང་དོ་དམ་ཕན་འབྲས་དང་ཐད་ཀར་འབྲེལ་མཐུད་བྱེད་ཆོག གཞི་རིམ་སྒྲིག་གཞི་དང་ཁྱིམ་ཚང་སྨན་པའི་ཚོགས་པས་མང་ཚོགས་ཀྱི་བདེ་ཐང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། གཅོང་ནད་ཀྱི་རྗེས་འདེད་དོ་དམ་ཚད་ལྡན་དུ་གཏོང་བ། བདེ་ཐང་བརྟག་དཔྱད་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད། མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བ་དང་སྨན་བཅོས་བྱེད་ཐལ་ཤོར་ཉུང་དུ་བཏང་སྟེ་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩའི་ལྷག་འཕྲོ་ཡོད་པར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།