གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་17ཉིན། 13:38】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོར་བོད་ཀྱི་ཆུ་བེད་ཁོངས་གཏོགས་ཀྱིས་འཕེལ་རྒྱས་མ་དངུལ་སྒོར་ཁྲི་9055དོན་འཁྱོལ་བྱས་པ་དང་། ཞིང་ཁའི་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་3.69བཏང་བ། དཔྱིད་ཀར་ཞིང་ཁ་མུའུ་ཁྲི་38ལ་ཆུ་དྲངས་པ། ཆུ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་3123མཁོ་འདོན་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དཔྱིད་རྨོད་ཐོན་སྐྱེད་ལ་རམ་འདེགས་བྱས་པ་རེད། དེ་དང་ཆབས་ཅིག ཆུའི་བདེ་འཇགས་འགན་ལེན་ལ་དམིགས་ནས་འཆར་འགོད་བཟོ་བ་དང་། དམངས་འཚོའི་རྣམ་གྲངས། གནོད་འཚེ་སྔོན་འགོག་སོགས་གཙོ་གནད་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་བཏིང་བ་རེད།
ཞིང་འབྲོག་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ནས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་པ་རེད། གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་ཆུ་མཁོ་འདོན་ལས་གྲྭ་དང་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀརྨ་ཤང་གི་གཅིག་སྡུད་ཆུ་མཁོ་འདོན་ལས་གྲྭར་གང་མགྱོགས་སྐུལ་འདེད་བཏང་ནས། གྲོང་གསེབ་ཀྱི་ཆུ་མཁོ་འདོན་སྒྲིག་བཀོད་193ཉམས་བཟོ་དང་བདག་སྐྱོང་ལེགས་གྲུབ་བྱུང་བ་དང་། གནས་སྐབས་རང་བཞིན་གྱི་ཆུ་མཁོ་འདོན་གྱི་གནད་དོན་ཁག་110སྒུལ་རྣམ་གཙང་སེལ་བྱས་པ་རེད། དཔྱིད་རྨོད་དཔྱིད་གྲབས་རིང་། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཨེ་མ་སྒང་སོགས་ཆུ་འདྲེན་ཁུལ་འབྲིང་གྲས་6གི་འཕྲོ་སྐྱོང་ལེ་ལག་དང་དེང་རབས་ཅན་གྱི་སྒྱུར་བཀོད་ལས་གྲྭ་དང་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་སྨན་ཐང་སོགས་ཆུ་མཛོད་ཆུང་གྲས་5གང་མགྱོགས་བསྐྲུན་ནས་ཞིང་ཆུ་འདྲེན་ཁུལ་གྱི་ཞན་ཆ་མུ་མཐུད་བསལ་ཏེ། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་ཐད་ཆུ་སྤྱོད་པའི་དགོས་མཁོར་འགན་ལེན་བྱེད་བཞིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་བོད་ཀྱིས་ཆུ་བེད་ལ་སྒོར་དུང་ཕྱུར་80དོན་འཁྱོལ་བྱ་རྩིས་ཡོད་པ་དང་། མིག་སྔའི་བར་སྒོར་དུང་ཕྱུར་18.69དོན་འཁྱོལ་བྱས་ནས་རྣམ་གྲངས་108འཆར་འགོད་བྱས་ཡོད། ཕུགས་ཀྱི་འཕེལ་རྒྱས་ལ་དམིགས་ཏེ་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”ཆུའི་བདེ་འཇགས་འགན་ལེན་འཆར་འགོད་བཟོ་བར་གང་མགྱོགས་སྐུལ་འདེད་བཏང་ཞིང་། འཆར་འགོད་ཀྱི་ཞིབ་བཤེར་མ་ཡིག་ཆུ་བེད་པུའུ་ཡི་ཆུ་བེད་དང་ཆུ་གློག་འཆར་འགོད་ཇུས་འགོད་སྤྱི་ཁྱབ་ཁང་ལ་ལག་རྩལ་བློ་འདྲི་བྱ་རྒྱུར་ཕུལ་ཡོད། ས་ཆུ་སྲུང་འཛིན་འཆར་འགོད་དང་། རྒྱལ་ཡོངས་ཀྱི་ཆུ་དཔྱད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཆར་འགོད་ཀྱི་བོད་ཀྱི་ཆ་ཤས། ཆར་ཆུ་ལྟ་ཞིབ་ཚད་ལེན་སྔོན་བརྡའི་ཉེན་ཟོན་མ་ལག་གི་འཆར་འགོད་སོགས་ཆེད་དོན་འཆར་འགོད་བཟོ་བར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རེད།