འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་ཀྲེང་།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་14ཉིན། 14:22】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི《སྒུལ་བདེའི་གློག་ཁུངས་བདེ་འཇགས་ཀྱི་ལག་རྩལ་ཚད་གཞི》ཟླ་4ཚེས་3ཉིན་ཁྱབ་བསྒྲགས་བྱས་པ་དང་2027ལོའི་ཟླ་4ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད། རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་བཏོན་རྗེས་འཛད་སྤྱོད་པའི་ལག་ཏུ་ཡོད་པའི་གློག་གསོག་འབོ་མུ་མཐུད་སྤྱོད་ཆོག་གམ། གློག་གསོག་འབོ་སྤྱོད་སྐབས་གནས་ཚུལ་གང་དག་ལ་དོ་སྣང་བྱེད་དགོས་སམ།
གློག་གསོག་འབོའི་བདེ་འཇགས་གལ་ཆེན་པོ་ཡིན་དོན་ཅི་ཡིན་ནམ།
ན་ནིང་ནས་བཟུང་གློག་གསོག་འབོ་འགའ་ཞིག་གནམ་གྲུར་འཁྱེར་ཆོག་གི་མེད་པ་དང་ད་ཆ་རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་བཏོན་པས་གློག་གསོག་འབོའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཧ་ཅང་ཆེན་པོ་ཡོད་མེད་སྐོར་ལ་ཀློག་པ་པོས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།
གློག་གསོག་འབོ་མི་མང་པོ་ཞིག་ཕྱིར་སྐྱོད་སྐབས“ཁྱེར་དགོས་ངེས་ཀྱི་མཁོ་ཆས”ཤིག་ཏུ་གྱུར་ཡོད། དེ་ནི་དངོས་པོ་ཆུང་ཆུང་ཙམ་མ་ཡིན་པར་རླངས་འཁོར་དང་། གྲུ་གཟིངས། གནམ་གྲུ་སོགས་འགྲིམ་འགྲུལ་ཡོ་བྱད་དང་འབྲེལ་བ་དམ་ཟབ་ཡོད་པའི“འཁྱེར་བདེའི་ནུས་རྒྱུའི་ཡོ་བྱད”ཅིག་ཡིན་པས་རྒྱ་ཆེའི་འགྲུལ་པའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་པར་བརྟེན་དེའི་བདེ་འཇགས་ཀྱི་ཚོད་བགམ་ནན་པོ་ངེས་པར་དུ་ཐེག་ཐུབ་པ་དགོས།
ན་ནིང་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་གཏན་འབེབས་གསར་པ་བཏོན་ནས། 2025ལོའི་ཟླ་6ཚེས་28ཉིན་ནས་བཟུང་འགྲུལ་པས་བཙན་ཐབས་ཀྱི་ཐོན་རྫས་ཁས་ལེན་དཔང་འདོན(CCCཁས་ལེན་དཔང་འདོན)གྱི་མཚོན་རྟགས་མེད་པ་དང་། མཚོན་རྟགས་ཁ་གསལ་པོ་མེད་པ། ཕྱིར་བསྡུས་པའི་བཟོ་དབྱིབས་ཨང་རྟགས་སམ་ཡང་ན་འདོན་ཐེངས་དེ་རིགས་ཀྱི་གློག་གསོག་འབོ་རྒྱལ་ཁོངས་ནང་གི་དུས་གཏན་གནམ་གྲུར་ཁྱེར་ཆོག་གི་མེད། དེ་ནི་གནམ་གྲུའི་ཐོག་གློག་གསོག་འབོར་མེ་འབར་བའི་དོན་རྐྱེན་ཡང་ཡང་ཐོན་པ་དང་མཁའ་འགྲུལ་ཀུང་སི་མང་པོ་ཞིག་གི་དུས་གཏན་གནམ་གྲུ་དེའི་དབང་གིས་བབས་དགོས་བྱུང་བ་དང་ཕྱིར་ལོག་པའམ་ཡང་ན་ཛ་དྲག་ཐག་གཅོད་བྱེད་དགོས་བྱུང་ཡོད།
གནམ་གྲུ་ཁོ་ན་མ་ཡིན་པར་གློག་གསོག་འབོ་སྒྲོག་ཙེའི་ཐོག་བཞག་ནས་ཆུ་ཚོད་5ཙམ་གློག་བསགས་རྗེས་གློ་བུར་དུ་འབར་གས་བྱུང་བ་དང་། གསོལ་མགྲོན་ཁང་ནང་གློག་གསོག་འབོ་སྔས་མགོའི་འོག་བཞག་ནས་གློག་བསགས་པས་མེ་སྐྱོན་ཐོན་པ་སོགས་ཀྱི་དོན་རྐྱེན་ལས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མངོན་ཡོད། 2025ལོར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཁེ་ལས་ལ་གནད་དོན་ཡོད་པའི་གློག་གསོག་འབོ་ཁྲི་139.77ཚུར་བསྡུ་བྱ་རྒྱུའི་ལྟ་སྐུལ་བྱས་པ་རེད།
བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གང་ཐུབ་ཆུང་དུ་གཏོང་ཆེད། རྒྱལ་ཁབ་ཀྱི་ཚད་གཞི་གསར་པའི་ནང་སྒུལ་བདེའི་གློག་ཁུངས་གློག་རྫས་དང་། སྲུང་སྐྱོང་གློག་ལམ། གློག་རྫས་ཀྱི་མ་བཅོས་རྒྱུ་ཆ། གློག་རྫས་ཐོན་སྐྱེད་བརྒྱུད་རིམ་སོགས་ཀྱི་བླང་བྱ་མཐོ་རུ་བཏང་ཡོད། རྒྱལ་ཁབ་ཀྱི་ཚད་གཞི་གསར་པས་བདེ་འཇགས་ཀྱི་ཚད་གཞི་མང་པོ་ཞིག་རིམ་སྤོར་བྱས་ནས“དམར་ཐིག་གསར་པ”བཟོས་ཏེ་ཐོན་རྫས་ཀྱི་སྤུས་ཚད་ལ“མེ་འགོག་གྱང”བརྟན་པོ་བསྐྲུན་པས་རྒྱ་ཆེའི་འཛད་སྤྱོད་པར་བདེ་འཇགས་འགན་ལེན་ཐུབ་པ་དང་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལའང་ཕན་ཐོགས་ཡོད།
བར་བརྒལ་དུས་སུ་གློག་གསོག་འབོ་བརྗེ་དགོས་སམ།
ལག་ཏུ་ཡོད་པའི་གློག་གསོག་འབོ་ལོ་མང་བེད་སྤྱོད་བྱས་པས་གསར་པ་ཞིག་བརྗེ་རྩིས་ཡོད། རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་དེ་ལོ་གཅིག་ནས་ལག་བསྟར་བྱ་རྒྱུ་ཡིན་པས་ད་ལྟ་ཉོས་པའི་གློག་གསོག་འབོ་མུ་མཐུད་སྤྱོད་ཆོག་མིན་སྐོར་ལ་ཀློག་པ་པོས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།
རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་ལག་བསྟར་བྱས་རྗེས་འཛད་སྤྱོད་པས་ཉོས་པའི་CCCཁས་ལེན་དཔང་འདོན་ཐོབ་པའི་ལུགས་མཐུན་གྱི་སྒུལ་བདེའི་གློག་ཁུངས་ཐོན་རྫས་མུ་མཐུད་རྒྱུན་གཏན་བཞིན་སྤྱོད་ཆོག CCCཁས་ལེན་དཔང་འདོན་ཐོབ་པའི་གློག་གསོག་འབོ་དམངས་སྤྱོད་མཁའ་འགྲུལ་གྱི་ད་ལྟ་ལག་བསྟར་བྱེད་བཞིན་པའི་འབྲེལ་ཡོད་གཏན་འབེབས་དང་མཐུན་ཚེ་རྒྱུན་གཏན་བཞིན་གནམ་གྲུར་འཁྱེར་ཆོག་གི་ཡོད།
རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་ལག་བསྟར་བྱེད་པར་ལོ་གཅིག་གི་བར་བརྒལ་དུས་ཚོད་ཡོད། དེ་ལྟར་བཀོད་སྒྲིག་བྱེད་པར་དམིགས་ཡུལ་གཙོ་བོ་གཉིས་ཡོད་པ་སྟེ། གཅིག་ནི་ཁེ་ལས་ཀྱིས་ཐོན་རྫས་གསར་པ་ཞིབ་སྤེལ་དང་། འཆར་འགོད། ཐོན་སྐྱེད་སྒྲུབ་རིམ་བཅས་ལེགས་སྒྲིག་ལ་དུས་ཚོད་སྤྲད་ནས་ཚད་གཞི་དངོས་སུ་ལག་བསྟར་བྱས་རྗེས་ཚད་གཞི་གསར་པ་དང་མཐུན་པའི་ཐོན་རྫས་དུས་ཐོག་དང་གོ་རིམ་ལྡན་པའི་ངང་ཁྲོམ་རར་འདོན་ཐུབ་པའི་འགན་ལེན་བྱ་རྒྱུ་དང་། གཉིས་ནི་ཐབས་ལམ་དང་མཐའ་སྣེའི་བརྒྱུད་ཚོང་པར་མཛོད་ཉར་གྱི་ཐོན་རྫས་ཕྱིར་ཚོང་གི་དུས་ཚོད་སྤྲད་དེ་སྤྱི་ཚོགས་ཀྱི་ཐོན་ཁུངས་འཕྲོ་བརླག་དང་ལས་རིགས་བརྟན་པོ་མེད་པའི་སྣང་ཚུལ་མི་ཐོན་པ་བྱས་ཏེ་ཁྲོམ་རའི་མཁོ་སྤྲོད་བརྟན་པོ་ཡོང་བར་འགན་ལེན་བྱ་རྒྱུ་དེ་རེད།