འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་14ཉིན།

༄༅།།སྐོར་ཞིབ་ཚོ་ཆུང་15མངགས་པ།  

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་14ཉིན། 14:01】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

ཏང་ཀྲུང་དབྱང་གི་སྐོར་ཞིབ་ལས་དོན་སྐོར་གྱི་གཅིག་གྱུར་བཀོད་སྒྲིག་ལྟར། ཉེ་ཆར་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བདུན་པའི་སྐོར་ཞིབ་ཚོ་ཆུང་15སྔ་རྗེས་སུ་སྐོར་ཞིབ་བྱ་ཡུལ་ཚན་པར་བཅའ་སྡོད་བྱས་ནས། དུས་ཡུན་ཟླ་བ་གཉིས་དང་ཕྱེད་ཀ་ཙམ་གྱི་རྒྱུན་གཏན་སྐོར་ཞིབ་བྱེད་འགོ་བརྩམས་པ་རེད།

སྐོར་ཞིབ་ཚོ་ཆུང་གིས་ཡིག་སྐུར་ངོ་གཏུག་བདག་སྤྲོད་བྱེད་པའི་དུས་ཚོད་ནི་2026ལོའི་ཟླ་6ཚེས་23ཉིན་བར་ཡིན།

བཅའ་སྡོད་བྱས་ཟིན་པའི་ཀྲུང་དབྱང་སྐོར་ཞིབ་ཚོ་ཆུང་གི་འབྲེལ་གཏུག་བྱེད་ཐབས།

ད་ཐེངས་ཀྱི་སྐོར་ཞིབ་བྱ་ཡུལ་གང་དག་ཡོད།

     ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་རྗེས། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་སྐོར་ཞིབ་རེས་སྐོར་བདུན་པའི་ནང་ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ་དང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། དམངས་སྲིད་པུའུ། ཁྲིམས་འཛིན་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། སྣོད་བཅུད་ཁོར་ཡུག་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཆུ་བེད་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུའུ། འཕྲལ་སྡོམ་དོ་དམ་པུའུ། རྒྱལ་ཁབ་ཡིག་སྐུར་ངོ་གཏུག་ཅུས། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས། ཀྲུང་གོ་ཚན་རིག་ཁང་། ཀྲུང་གོ་ལས་གྲྭ་ཁང་། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས། རྒྱལ་ཁབ་སྦྲག་སྲིད་ཅུས། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུས། རྒྱལ་ཁབ་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས། རྒྱལ་ཁབ་གཏེར་རིའི་བདེ་འཇགས་ལྟ་ཞིབ་ཅུས། རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས། ཀྲུང་གོ་ས་ཡོམ་ཅུས། ཀྲུང་གོ་གནམ་གཤིས་ཅུས། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་རྒན་རྒོན་མཐུན་ཚོགས། ཀྲུང་གོ་ལས་གྲྭ་དངོས་ཁམས་ཞིབ་འཇུག་གླིང་། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས། ཀྲུང་གོ་ཁྲིམས་ལུགས་རིག་པའི་ལྷན་ཚོགས། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པའི་སྤྱི་ཁྱབ་ལྷན་ཚོགས། ཀྲུང་གོ་ཞིང་ལས་ཚན་རིག་ཁང་སོགས་ཚན་པ་36གི་ཏང་རྩ་འཛུགས་ལ་རྒྱུན་གཏན་སྐོར་ཞིབ་བྱ་རྒྱུ་རེད།

    ད་ཐེངས་སྐོར་ཞིབ་ཀྱི་གཙོ་གནད་གང་ཡིན།

     ཀྲུང་དབྱང་སྐོར་ཞིབ་ཚོ་ཆུང་གིས་ཏང་གི་སྐོར་ཞིབ་ལས་དོན་གྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་བརྟན་སྲུང་། དར་ཆ་གསལ་སྟོན་གྱི་སྒོ་ནས“སྲུང་སྐྱོང་གཉིས”རྩ་བའི་ལས་འགན་དུ་བརྩི་བ་དང་། ལྟེ་བར་དམིགས་པ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་དང་། སྒྲིག་སྲོལ་སྒྲིག་ལམ་བཅའ་ཁྲིམས་བཅས་ལ་བརྩི་སྲུང་བྱས་ནས། གནད་ལ་འཁེལ་ཞིང་ཕན་ནུས་ལྡན་པའི་སྒོ་ནས་ཆབ་སྲིད་ལྟ་སྐུལ་བྱ་རྒྱུ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་པ་དང་། སྲིད་འབྲས་ལྟ་བའི་རྩ་བའི་རང་བཞིན་གྱི་གནད་དོན་འདིར་དམ་པོར་དམིགས་ཏེ། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་འགན་འཁྲི་དང་ལས་འགན་སྒྲུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བཅས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བ་དང་འགོ་ཁྲིད་ཚན་པ་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག དེ་བཞིན་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཚུལ་ཤེས་རྟོགས་གཏིང་ཟབ་བྱེད་པ། སྐོར་ཞིབ་དག་ཐེར་ཡོ་བསྲང་དོན་འཁྱོལ་བྱས་ཚུལ་ཤེས་རྟོགས་གཏིང་ཟབ་བྱེད་པ། ཆབ་སྲིད་ཀྱི་ནོར་འཛོལ་འཚོལ་ཞིབ་ཤུགས་ཆེན་བྱེད་པ། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་དང་ཏང་ལེགས་སྐྱོང་བྱེད་པར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་པ་བཅས་ཡིན།

     ཀྲུང་དབྱང་སྐོར་ཞིབ་ཚོ་ཆུང་གིས་གཙོ་བོ་གནད་དོན་གང་དག་བདག་སྤྲོད་བྱ་རྒྱུ་རེད།

    སྐོར་ཞིབ་ལས་དོན་སྲོལ་ཡིག་གི་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྐོར་ཞིབ་ཚོ་ཆུང་གིས་གཙོ་བོ་སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི། རིམ་པ་གཅིག་གིས་དམའ་བའི་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོའི་གནད་དོན་སྙན་སེང་ཞུ་བའི་འཕྲིན་ཡིག་དང་། གློག་འཕྲིན། ངོ་གཏུག་བཅས་བདག་སྤྲོད་བྱ་རྒྱུ་དང་། གཙོ་བོ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ཐད་ཀྱི་ཐེར་འདོན་དང་སྙན་ཞུ་བཅས་རེད། སྐོར་ཞིབ་བདག་སྤྲོད་བྱེད་ཁོངས་སུ་མི་གཏོགས་པའི་ཡིག་སྐུར་ངོ་གཏུག་གི་གནད་དོན་གཞན་དག་གཏན་འབེབས་ལྟར་སྐོར་ཞིབ་བྱ་ཡུལ་ཚན་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་ཐག་གཅོད་ནན་ཏན་བྱ་རྒྱུ་ཡིན།