འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་14ཉིན།

༄༅།།ཀྲུང་གོས་ཡམ་ཡོམ་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ལ་བརྟན་ལྷིང་རང་བཞིན་བསྣན་པ།

ཧོ་སའེ·ལུའུ་དབྱི་སི·སེན་ཐེ་ལི་ཡཱ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་14ཉིན། 10:17】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

      ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱིས་རྒྱལ་ཁབ་ཀྱི་འབྱུང་འགྱུར་ལོ་5ཡི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཡོ་རོབ་ཀྱི་མཐོང་སྣེ་ནས་བལྟས་ཚེ། མིག་སྔར་ཀྲུང་གོས་ཕྱི་ཕྱོགས་ལ་བརྡ་རྟགས་ཧ་ཅང་གསལ་པོ་ཞིག་བཏང་ཡོད་པ་སྟེ། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་གི་མདུན་དུ་ཀྲུང་གོས་བརྟན་ལྷིང་སྐྱོན་བྲལ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པར་གཞོལ་ཏེ། ཚན་རྩལ་གསར་གཏོད་དེ་ཉིད་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་ལྟེ་བའི་སྒུལ་ཤུགས་སུ་བརྩིས་ནས། ལམ་ལུགས་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། བློ་བརྟན་འགྱུར་མེད་ངང་སྒོ་དབྱེ་རྒྱ་ཆེ་དང་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་རེད།

      ཀྲུང་གོས་དུས་ཡུན་རིང་པོའི་འཆར་འགོད་དང་བརྟན་ལྷིང་གི་ལམ་ལུགས་མ་ལག་ལ་བརྟེན་ནས་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དེས་ཡོ་རོབ་ལ་མཚོན་ན་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་པའི་དོན་སྙིང་ལྡན་ཡོད། ཀྲུང་གོའི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྔོན་དཔག་ཆོག་པའི་རང་བཞིན་ཆེན་པོ་མཁོ་འདོན་ཐུབ་པ་དང་། བརྟན་ལྷིང་རང་བཞིན་དང་གསར་གཏོད་ཀྱི་སྒུལ་ཤུགས་ཕན་ཚུན་ཟུང་འབྲེལ་བྱས་པ་དེས་གོ་ལ་ཧྲིལ་པོའི་ཚན་རྩལ་དང་ཐོན་ལས་འགྲན་རྩོད་ཁྲོད་ཀྲུང་གོའི་དམིགས་བསལ་གྱི་ལེགས་ཆ་གྲུབ་ཡོད་ལ། གོ་ལ་ཧྲིལ་པོའི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་གསར་པའང་བསྣན་ཡོད། ཀྲུང་གོས་བཟོ་ལས་གྲངས་འཛིན་ཅན་དང་རིག་ནུས་ཅན་ཕྱོགས་སྒྱུར་ལ་སྐུལ་འདེད་མྱུར་པོ་གཏོང་བཞིན་ཡོད་པ་དང་། མི་ཐབས་རིག་ནུས་དང་། ཚད་རྡུལ་རྩིས་རྒྱག སྐྱེ་དངོས་ལག་རྩལ་སོགས་ཀྱི་རྩེར་སོན་ཁྱབ་ཁོངས་སུ་ཚད་བརྒལ་ཟམ་མི་ཆད་པར་ཐོབ་པ་དེས་ཡོ་ཀྲུང་མཉམ་ལས་ལ་གོ་སྐབས་གསར་པ་གཏོད་རྒྱུ་རེད། ཀྲུང་གོས་ལྗང་མདོག་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་ཤུགས་ཆེན་བཏང་བས་བསྐྱར་སྐྱེས་ཆོག་པའི་ནུས་རྒྱུའི་གློག་འདོན་ཚད་ཀྱི་གཞི་ཁྱོན་མྱུར་པོ་འཕར་ཏེ་ནུས་གསོག་ལག་རྩལ་དང་གློག་སྒུལ་རླངས་འཁོར་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་འཁོར་འབྲེལ་ཐད་གོ་ལ་ཧྲིལ་པོའི་སྣེ་འཁྲིད་དེ། གོ་ལ་ཧྲིལ་པོའི་ནུས་རྒྱུ་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་འགག་རྩའི་སྟོབས་ཤུགས་ལ་གྱུར་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་ལེགས་སྐྱེས་གལ་ཆེན་འབུལ་བཞིན་ཡོད་པ་རེད།

      ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་སྲིད་འཛིན་གྱི་ལས་ཕྱོད་ཆེ་རུ་བཏང་སྟེ། ལྟ་སྐུལ་གྱི་མ་ལག་དང་སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད། འཚོལ་ཞིབ་དེ་དག་ལས་ཀྲུང་གོས་ལམ་ལུགས་ཀྱི་རིམ་ངོས་ནས་དེང་རབས་ཅན་གྱི་བཅོས་སྐྱོང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་གི་ཡོད་པ་མཚོན་པ་དང་། དེས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཚན་རྩལ་གསར་གཏོད། ལྗང་མདོག་ཕྱོགས་སྒྱུར་སོགས་ཁྱབ་ཁོངས་ཀྱི་ཡུན་རིང་འཕེལ་རྒྱས་ལ་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད་པ་རེད།

      ཀྲུང་གོས་ཡོ་རོབ་ལ་འཐབ་ཇུས་རང་བརྟེན་གྱི་ལངས་ཕྱོགས་ལ་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་བྱས་པར་ཡོ་རོབ་ཀྱི་སྲིད་ཇུས་རིགས་ཁོངས་སུའང་གྲོས་བསྡུར་འཁྲུག་པོ་བྱུང་ཡོད། ཡོ་རོབ་མནའ་འབྲེལ་གྱིས་སྒོ་དབྱེ་མཉམ་ལས་རྒྱུན་འཁྱོངས་དང་ཆབས་ཅིག་འཐབ་ཇུས་ཀྱི་རང་བརྟེན་ནུས་པ་ཆེ་རུ་བཏང་ན། དེ་བས་དོ་སྙོམས་དང་བརྟན་ལྷིང་གི་རྒྱལ་སྤྱིའི་སྒྲིག་ལམ་གཏོད་པར་ཕན་ཐོགས་ཡོད། འཛམ་གླིང་སྣ་མང་ཅན་འཕེལ་རྒྱས་གཏིང་ཟབ་བཏང་བ་དང་བསྟུན་ནས་ཡོ་རོབ་དང་ཀྲུང་གོས་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་བརྟན་ལྷིང་སྲུང་སྐྱོང་བྱེདཔར་ལེགས་སྐྱེས་འབུལ་རྒྱུ་རེད།

     གོ་ལ་ཧྲིལ་པོའི་བཀོད་པར་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་པའི་དེང་གི་དུས་སུ་ཀྲུང་གོའི་འཕེལ་རྒྱས་དེ་ཀྲུང་གོ་རང་ཉིད་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་ལ། ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེན་པོ་དང་ཐ་ན་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལའང་ཤུགས་རྐྱེན་གལ་ཆེན་ཐེབས་ངེས་རེད། ཀྲུང་གོས་འབྱུང་འགྱུར་འཕེལ་རྒྱས་ཀྱི་འཆར་གཞི་འགོད་སྐབས་ཡོ་རོབ་ཀྱིས་ཀྱང་དེ་མཚུངས་སུ་འཛམ་གླིང་བཀོད་པའི་ཁྲོད་ཀྱི་རང་ངོས་ཀྱི་གནས་བབ་ལ་བསམ་གཞིག་བྱེད་ཀྱི་ཡོད། ཡོ་རོབ་ཀྱི་ངོས་ནས་བརྗོད་ན། ཀྲུང་གོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་བསམ་ཤེས་བྱེད་དགོས་པ་མ་ཟད། གཉིས་ཁེ་གཉིས་ཕན་གྱི་རྨང་གཞིའི་ཐོག་མཉམ་ལས་གཏིང་ཟབ་ཏུ་བཏང་ན། ཕྱོགས་གཉིས་པོས་ཐུན་མོང་ཐོག་དུས་རབས་21པའི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བར་ཕན་ཐོགས་ཡོད། བརྟན་ལྷིང་དང་། གསར་གཏོད། མཉམ་ལས་བཅས་ནི་དེང་གི་འཛམ་གླིང་ལ་མཁོ་ཆེ་ཤོས་ཀྱི་ཐུན་མོང་གི་བརྗོད་གཞི་ཞིག་རེད།(རྩོམ་པ་པོ་སི་ཕེན་གུང་ཁྲན་ཏང་གི་ཀྲུའུ་ཞི་ཡིན)