གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་14ཉིན། 10:17】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁི་ཀ་ལི་ནས་ཟླ་4ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། རུ་ཝང་ཏར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉེར་དྲུག་པས་རུ་ཝང་ཏ་མཱ་སཱ་ཁའི་སྨན་ཁང་ལ་སྨན་བཅོས་སྒྲིག་ཆས་ཁག་གཅིག་ཞལ་འདེབས་བརྒྱབ་པ་རེད།
རུ་ཝང་ཏར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀའོ་ཝུན་ཆི་ཡིས་ཤིས་ཚིག་སྒྲོན་སྐབས། ད་ཐེངས་ཀྱི་ཞལ་འདེབས་ཀྱིས་ཀྲུང་གོ་དང་རུ་ཝང་ཏའི་སྨན་བཅོས་འཕྲོད་བསྟེན་མཉམ་ལས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་མཐུད་ཐུབ་ནས་ས་གནས་དེ་གའི་མི་དམངས་ཀྱི་བདེ་ཐང་དང་བདེ་རྩར་ལེགས་སྐྱེས་དངོས་འབྲེལ་འབུལ་རྒྱུ་རེད། འདས་ཟིན་པའི་ཟླ་གཉིས་ཁོ་ནར་སྨན་བཅོས་རུ་ཁག་ཁག་ཉེར་དྲུག་པས་གཤགས་བཅོས་ཐེངས་200ལྷག་ཙམ་བྱས་པ་དང་ནད་པ་5000ལྷག་ཙམ་ལ་སྨན་བཅོས་བྱས་ཏེ་ས་གནས་དེ་གའི་སྡེ་ཁུལ་ལ་གཅེས་སེམས་ཁུར་དང་རེ་བ་སྦྱིན་ཡོད་ཅེས་བརྗོད་པ་རེད།
རུ་ཝང་ཏའི་འཕྲོད་བསྟེན་པུའུ་ནད་ཐོག་སྨན་བཅོས་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་སིའི་སི་ཀྲང་ཨའོ་ལེ་སི་ཐེ·ཐུའུ་ཅཱ་ཉེ་ཡེ་ཙུའུ་ཡིས། ཞལ་འདེབས་བརྒྱབ་པའི་དངོས་ཟོག་དེ་དག་གིས་སྨན་ཁང་གི་ཕྱི་ནད་ཚན་པའི་སྨན་བཅོས་ནུས་པ་ཆེ་རུ་དངོས་འབྲེལ་ཕྱིན་ནས་སྨན་པ་བསྟེན་མཁན་ནད་པ་ཚང་མར་ཕན་པ་ཐོབ་རྒྱུ་རེད། ཀྲུང་གོས་རུ་ཝང་ཏ་ལ་ཆུ་ཚད་མཐོ་བའི་སྨན་བཅོས་རིགས་གཅིག་མཁས་ཅན་མངགས་པ་དེས་རུ་ཝང་ཏའི་ནད་པར་ཆེད་ལས་ཀྱི་ནད་ཐོག་སྨན་བཅོས་ཀྱི་ཞབས་འདེགས་ཞུ་ཐུབ་པ་མ་ཟད། ད་དུང་ས་གནས་དེ་གའི་སྨན་དོན་མི་སྣ་གསོ་སྐྱོང་ཡང་བྱས་ཡོད་ཅེས་བརྗོད་པ་རེད།
རུ་ཝང་ཏར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གི་ལས་སྒོའི་རུ་དཔོན་ཀྲང་ཧྲེང་མའོ་ཡིས། སྨན་བཅོས་སྒྲིག་ཆས་དེ་དག་གིས་ས་གནས་དེ་གའི་སྨན་ཁང་ལ་ལས་དོན་དེ་བས་ཡག་པ་སྤེལ་རྒྱུར་ཕན་ཐོགས་ནས་སྨན་ཁང་གི་ནད་ཐོག་སྨན་བཅོས་ནུས་པ་རིམ་སྤོར་དང་ནད་པ་དེ་བས་མང་བའི་བདེ་ཐང་སྲུང་སྐྱོང་ཐུབ་རེ་ཡོད་ཅེས་བརྗོད་པ་རེད།
ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག ཀྲུང་གོའི་སྨན་བཅོས་རུ་ཁག་གིས་རུ་ཝང་ཏར་ཕྱོགས་བསྡུས་གཤགས་བཅོས་ཉལ་ཁྲི་དང་། རྐུབ་སྟེགས་འཁོར་ལོ། རྒྱ་མ། རླུང་གཡབ་དབྱིབས་ཀྱི་གཤཌ་བཅོས་ལག་ཆ་འཇོག་སྟེགས། གཤགས་བཅོས་རམ་འདེགས་གློག་སྒྲོན་སོགས་ཀྱི་སྒྲིག་ཆས་ཞལ་འདེབས་བརྒྱབ་ཡོད་པ་རེད།