ཀན་སུའུ་ཀན་ལྷོའི་བཱ་ཙེ་རྫོང་གི“མི་ཁྲིའི་ཐག་འཐེན་འགྲན་བསྡུར”རྒྱུན་འཛིན་བྱས་ནས་ལོ་600ལྷག་ཙམ་སོང་བ།
འདི་ག་ཚགས་པར་གྱི་གསར་འགོད་པ། ཙེང་དབྱི་ཁྲེན།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་14ཉིན། 10:15】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་རིང་བའི་གོང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བཱ་ཙེ་རྫོང་སྦྲ་མཚེར་གྲོང་རྡལ་གྱི་ནུབ་ཀྱི་ཁྲོམ་གཞུང་ཆེ་མོར་ཤུ་སྒྲ་གསང་པོ་ཞིག་གིས་མཚན་མོའི་ཁུ་སིམ་ཁད་ཀྱིས་དཀྲོགས། ཐག་པ་གཙོ་བོ་གཉིས་མཐུད་ནས་གྲུབ་པའི་ཐག་པ་སྦོམ་པོ་དེའི་སྤྱི་ཡོངས་ཀྱི་རིང་ཚད་ལ་སྨི་1808དང་ལྗིད་ཚད་ལ་ཏུན་16ཟིན་ཞིང་། ཤུ་སྒྲ་གྲགས་པ་དང་བསྟུན་ནས་མི་ཁྲི་ཡིས་ཐག་པ་དུས་གཅིག་ཏུ་དམ་པོར་འཇུས་ནས་ཤུགས་ཀྱིས་འཐེན་ཏེ་གཞི་ཁྱོན་ཆེ་བའི་ཤུགས་འགྲན་ཞིག་འགོ་ཚུགས། དེ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་བཱ་ཙེའི“མི་ཁྲིའི་ཐག་འཐེན་འགྲན་བསྡུར”རེད།
བཱ་ཙེའི“མི་ཁྲིའི་ཐག་འཐེན་འགྲན་བསྡུར”ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། མིང་རྒྱལ་རབས་ནས་ད་བར་རྒྱུན་འཛིན་བྱས་པས་ལོ་600ལྷག་ཙམ་གྱི་ལོ་རྒྱུས་ཡོད། དཔྱད་གཞིའི་ནང་འཁོད་པ་ལྟར་ན། བྱེད་སྒོ་དེ་དང་ཐོག་མ་གནའ་བོའི་ཧྲུའེ་ཤང་གི་ཐག་འཐེན་རྩལ་སྦྱོང་ལས་བྱུང་བ་དང་ཕྱིས་སུ་དམག་སྒར་དུ་ནང་འདྲེན་བྱས་ནས་དམག་མིའི་མཉམ་ལས་ནུས་པ་སྦྱོང་བརྡར་སྤྲོས་པར་སྤྱད་ཡོད། ལོ་ཟླ་རིང་མོ་བརྒྱུད་རྗེས་རིམ་གྱིས་དམངས་ཁྲོད་དུ་དར་ནས་མང་ཚོགས་ཚོས་དགའ་པོ་བྱེད་པའི་སྲོལ་རྒྱུན་གྱི་ལུས་རྩལ་དང་དམངས་སྲོལ་གྱི་བྱེད་སྒོ་ཞིག་ཏུ་གྱུར་ཡོད།
ལུགས་སྲོལ་ལྟར་ན“མི་ཁྲིའི་ཐག་འཐེན་འགྲན་བསྡུར”དེ་བཱ་ཙེ་རྫོང་གྲོང་གི་ནུབ་ཀྱི་ཁྲོམ་གཞུང་ཆེ་མོའི་ནུབ་སྒོའི་ཟམ་སྣེ་ལྟེ་བར་བྱས་ཏེ་གོང་འོག་གཉིས་སུ་དབྱེ་བ་དང་། སྟོད་རྒྱུད་ཀྱི་ཁྱིམ་ཚང་ཚོས་ཐག་པ་ལྷོ་ལ་འཐེན་པ་དང་སྨད་རྒྱུད་ཀྱི་ཁྱིམ་ཚང་ཚོས་ཐག་པ་བྱང་ལ་འཐེན་གྱི་ཡོད། ཐག་པའི་མཇུག་སྣེར་སླར་ཡང་ཐག་པ་ཕྲ་མོ་གཉིས་རེ་འཐེན་ཡོད་པ་དེ་ནི་ཁུག་རྟའི་མཇུག་མ་དང་ཧ་ཅང་འདྲ་པོ་ཡོད། བཱ་ཙེ་རྫོང་ཐའོ་ཀྲོའུ་ཞིང་པའི་རིག་གནས་ཕོ་བྲང་དམངས་སྲོལ་རིག་གནས་མཐུན་ཚོགས་ཀྱི་ཚོགས་གཙོ་ཝུའུ་ཡུང་ཧུང་གིས་དམིགས་བསལ་གྱི་ཇུས་འགོད་དེས་མང་ཚོགས་སྔར་ལས་མང་བ་བྱེད་སྒོའི་ནང་ཞུགས་ཐུབ་ཡོད་ཅེས་ངོ་སྤྲོད་བྱས།
“རྐང་པ་ས་ལ་བརྟན་པོ་བཙུགས། ལྟོ་བས་ཐག་པ་སྣོན་ཙམ་བྱས། འུར་བརྒྱབ་ནས་ཤུགས་གཅིག་རྒྱོབ”ཅེས་པའི《ཐག་འཐེན་གླུ་གཞས》ནང་ཐག་འཐེན་ལ་སྐད་དང་ཤེད་གཉིས་ཀ་མེད་དུ་མི་རུང་བ་ཡིན་པ་གསལ་པོ་མཚོན་ཡོད། བྱེད་སྒོ་སྤེལ་ཡུལ་དུ“ཧེ་ཡོ། ཧེ་ཡོ”ཞེས་པའི་སྒྲ་བར་མེད་གྲགས་འོང་ནས་ཁྲོམ་གཞུང་དང་སྲང་ལམ་གང་སར་ཁྱབ། འགྲན་བསྡུར་སྤེལ་བ་དང་བསྟུན་ནས་འགྲན་ཞུགས་པ་ཚོ་ཡང་ཐག་ཇེ་ཉེ་ནས་ཇེ་ཉེར་ཕྱིན་ཏེ་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་མཉམ་དུ་ཤུགས་རྒྱག་གི་ཡོད།
བཱ་ཙེ་རྫོང་ལ་ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ཙམ་ཡོད་པས་ས་རུབ་རྗེས་གྲང་ཟུག་ཀྱང་རིམ་གྱིས་ཆེ་རུ་ཕྱིན། འོན་ཀྱང་ཐག་འཐེན་ནང་ཞུགས་མཁན་མང་ཚོགས་ཚང་མས་ངར་ཤུགས་སྒྲིམ་པ་དང་འགའ་རེས་ད་དུང་སྟོད་ཐུང་ཕུད་དེ་བློ་སྟོབས་ཆེར་སྐྱེད་ཀྱིས་འགྲན་བསྡུར་བྱས། ཐག་པ་ཡོངས་ཀྱི“འབྲུག་མགོ”བདེ་བླག་ངང་ལྷོ་ངོས་ཀྱི་མཆོར་སྒོ་སྒྲོལ་ན་འགྲན་བསྡུར་ཐེངས་གཅིག་མཇུག་འགྲིལ་བ་དང་། མཚར་སྡུག་བཀྲ་བའི་ཤོག་སྦག་ཚོན་ཁྲ་ཅན་སྤར་ནས་མཚན་དགུང་ལ་འོད་སྣང་སྦྱིན་གྱི་ཡོད། “ཐེངས་འདི་ང་ཚོར་ཐོབ་སོང”“དངོས་གནས་བྱས་ན་ང་ཚོས་ཐོབ་ཤོར་ལ་སྣང་བ་དེ་ཙམ་བཞག་མེད། ཡུལ་མི་སྤུན་ཟླ་ཚོ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་ཐུབ་ན་ཡག་ཤོས་རེད”ཅེས་ས་གནས་དེ་གའི་གྲོང་མི་ཀྲའོ་ཡན་ལི་ཡིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དེ་ལྟར་བཤད།