འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་14ཉིན།

༄༅།།བོད་ལྗོངས་སོག་རྫོང་གིས་རིམས་འགོག་གསོ་སྦྱོང་ལྷས་རའི་ནང་བྱས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་14ཉིན། 10:10】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     དཔྱིད་དུས་ནི་བོད་བྱང་ཐང་གི་འབྲོག་ཁུལ་སྲོག་ཆགས་ཀྱི་རིམས་འགོག་གི་འགག་རྩའི་དུས་ཚིགས་ཤིག་རེད། ཟླ་4ཚེས་2ཉིན་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སོག་རྫོང་གིས་སྲོལ་རྒྱུན་གྱི་སློབ་ཁྲིད་རྣམ་པར་འགྱུར་ལྡོག་བཏང་ནས། གཡག་ལ་གྲོང་རྡལ་ས་རལ་ཐང་གྲོང་ཚོའི་ལྷས་རའི་ནང་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྩལ་ནུས་གསོ་སྦྱོང་སློབ་ཚན་འཚོགས་ཏེ། མང་ཚོགས་དང་འབྲེལ་འདྲིས་དང་ཕན་འབྲས་དངོས་ལ་སྣང་ཆེན་བྱེད་པའི་གསོ་སྦྱོང་ཞིག་ཚ་ཚ་འུར་འུར་ངང་བྱས་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་ནང་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཕྱུགས་རིགས་སྨན་པའི་ཞིབ་འཇུག་སུའོ་ཡི་རིགས་གཅིག་མཁས་ཅན་ཚོགས་པས་འབྲོག་ལས་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་བསྐྱོད་དེ། འཇམ་ནད་སོགས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་གྱི་ལྟེ་བའི་གནད་དོན་ལ་དམིགས་ནས། རྫོང་ཡོངས་ཀྱི་གྲོང་ཚོ་རིམ་པའི་རིམས་འགོག་པ་དང་། ཚན་རྩལ་ཆེད་མངགས་པ། ཤང(གྲོང་རྡལ)ཁག་གི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ལག་རྩལ་པ་བཅས་ལ་ས་གནས་ས་ཐོག་ཏུ་སློབ་ཁྲིད་བྱས་པ་རེད།

     “ད་ཐེངས་སོག་རྫོང་དུ་ཡོང་ནས་གཞི་རིམ་གྱི་གྲོང་ཚོ་རིམ་པའི་རིམས་འགོག་མི་སྣར་གསོ་སྦྱོང་བྱས་པར་དོན་སྙིང་ཆེན་པོ་ལྡན་པ་ཚོར་གྱི་འདུག”ཅེས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཕྱུགས་རིགས་སྨན་པའི་ཞིབ་འཇུག་སུའོ་ཡི་ལས་རོགས་ཞིབ་འཇུག་པ་ཧྲི་པིན་གྱིས་བཤད་ཅིང་། ཁོང་གིས་གསོ་སྦྱོང་གིས་འབྲི་གཡག་གི་རྒྱུན་མཐོང་ནད་གཞི་བརྟག་དཔྱད་དང་འགོག་བཅོས་དང་། དཔྱིད་དུས་དང་སྟོན་དུས་ཀྱི་རིམས་འགོག་སྨན་ཁབ་ཀྱི་རིགས། སྨན་ཁབ་རྒྱག་པའི་ཚད་གཞི་དང་དེ་བཞིན་དོ་སྣང་བྱེད་དགོས་པའི་དོན་གནད། ཕྱི་ནད་གཤགས་བཅོས་ཀྱི་བཀོལ་སྤྱོད་ཚད་གཞི་སོགས་ཀྱི་ནང་དོན་ལ་དམིགས་ཏེ་སྤེལ་བས་བརྒྱུད་རིམ་ཧྲིལ་པོར་འབྲོག་ཁུལ་གྱི་དགོས་མཁོ་དངོས་ལ་གཞི་ཚུགས་པ་དང་བཀོལ་སྤྱོད་དངོས་ཀྱི་སྦྱོང་བརྡར་ཡག་པོ་ཐུབ་ནས། གཞི་རིམ་གྱི་རིམས་འགོག་མི་སྣའི་ལག་རྩལ་གྱི་ཞན་ཆ་ནུས་ལྡན་ངང་སེལ་ཡོད་ཅེས་བཤད།

     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་རྩལ་ནུས་སྐོར་སྐྱོད་གསོ་སྦྱོང་དེ་སོག་རྫོང་གི་ཤང་དང་གྲོང་རྡལ་10ལ་ཁྱབ་པ་དང་རིམ་རྩིས་བརྒྱབ་ན་གསོ་སྦྱོང་ནང་ཞུགས་མཁན་མི་387ཟིན་ཡོད། གསོ་སྦྱོང་བྱེད་རིང་། ས་གནས་དེས་དུས་གཅིག་ཏུ་གཞི་རིམ་གྱི་རིམས་འགོག་དཔུང་ཁག་ལ་སྨན་རྫས་དང་སྨན་ཁབ་སོགས་རིམས་འགོག་དངོས་ཟོག་ཁག་30ལྷག་ཙམ་སྤྲད་པ་དང་འཐབ་ས་དང་པོའི་རིམས་འགོག་མཁྲེགས་ཆས་སྡེབ་སྒྲིག་ཡག་པོ་བྱས་ཏེ། ལག་རྩལ་གསོ་སྦྱོང་དང་དངོས་ཟོག་འགན་ལེན་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་བ་རེད།

     སོག་རྫོང་གི་ཞིང་འབྲོག་ལས་ཚན་རིག་ལག་རྩལ་ཞབས་ཞུ་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་ཉི་མ་ཕན་ཐོགས་ཀྱིས། གོམ་སྟབས་རྗེས་མར་རྒྱུན་རྣམ་ཅན་གྱི་སྒོ་ནས་དངོས་འཐབ་ཅན་དང་གཤམ་སྐྱོད་རྣམ་པའི་རིམས་འགོག་རྩལ་ནུས་གསོ་སྦྱོང་དེ་རིགས་མུ་མཐུད་སྤེལ་ཏེ་བཀོལ་སྤྱོད་དངོས་ཀྱི་དཔྱད་ཞིབ་འགག་སྒོ་ནན་པོ་སྲུང་བ་དང་། གསོ་སྦྱོང་ནང་ཞུགས་མཁན་མི་སྣའི་དཔྱད་ཞིབ་ཚད་ལོན་ཚད་100%ཟིན་པའི་འགན་ལེན་བྱེད་པ། ཚན་རིག་དང་མཐུན་པའི་ངང་རིམས་འགོག་ཚད་ལྡན་གྱི་འདུ་ཤེས་གཞི་རིམ་གྱི་འབྲོག་ར་ཚང་མར་ཁྱབ་པ་བཅས་བྱས་ནས། བོད་བྱང་ཐང་འབྲོག་ཁུལ་གྱི་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཞི་རྩ་སྲུང་སྐྱོང་ཡག་པོ་བྱས་ཏེ་འབྲོག་པར་རྒྱུན་མཐུད་འབབ་འཕར་ཡོང་བར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།(བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང)